མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གིས་2017ལོའི་ཟླ་12ཚེས་15ཉིན་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྩ་ཁྲིམས་ཀྱི་ནང་དོན་འགའ་ཞིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་ཐད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གུང་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨོ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲེ། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲེ་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྱི་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཧོ་རུའུ་ཡུས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་ཚོས་ཀྲུང་གུང་ཀྲུང་དབྱང་གིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་བཏོན་པར་མོས་མཐུན་ཡོད་པ་དང་ད་རེས་ཀྱི་རྩ་ཁྲིམས་བཟོ་བཅོས་ཀྱི་སྤྱིའི་བླང་བྱ་དང་རྩ་དོན་ལ་ཡིད་མཐུན་ཡོད་ཅེས་གསུངས་པ་དང་འབྲེལ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་ཐད་ཚང་མའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཐབས་ཇུས་གཏན་ལ་མ་ཕབ་གོང་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚོགས་འདུ་གལ་ཆེན་མ་འཚོག་གོང་དང་། ཡིག་ཆ་གལ་ཆེན་མ་བཀྲམ་གོང་དང་། ཐབས་ཇུས་གལ་ཆེན་གཏན་འབེབས་མ་བྱས་གོང་ལ་གྲོས་མོལ་བྱ་རྒྱུར་སྣང་ཆེན་གྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཀྱི་མི་སྣའི་བསམ་འཆར་དང་གྲོས་འགོ་ཉན་གྱི་ཡོད། ཚང་མས་རང་ཉིད་ཀྱི་བསམ་འཆར་ལྷུག་པོར་གླེང་ཡོད་ལ་གྲོས་འགོ་མང་པོ་ཞིག་ཀྱང་གནད་ལ་འཕིགས་པ་ཤ་སྟག་ཡིན་པས་ང་ཚོས་ཞིབ་འཇུག་དང་དང་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདོད་འདུན་གཅིག་སྡུད་ཐོག་མཚོན་པ་བཅས་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་40ཙམ་རིང་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལག་ལེན་ནང་རྩ་ཁྲིམས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གུང་ཀྲུང་དབྱང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས་ཡོད། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་གནང་བ་རེད།
       ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྩ་ཁྲིམས་ནི་རྩ་ཁྲིམས་ཡག་པོ་ཞིག་ཡིན། དམངས་གཙོའི་ཏང་ཤོག་ཁག་དང་འཐབ་ཕྱོགས་གཅིག་གྱུར་གྱིས་རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་ཆགས་པ་དང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྩ་ཁྲིམས་དུས་བབ་གསར་པ་དང་རྒྱུན་ཆད་མེད་པར་འཚམ་མཐུན་ཡོང་བ་བྱས་ན་གཞི་ནས་དེའི་ཚེ་སྲོག་ཡུན་ནས་ཡུན་དུ་སྐྱོང་ཐུབ། ཀྲུང་གུང་ཀྲུང་དབྱང་གིས་རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་གཏན་འབེབས་བྱས་པ་ནི་བསམ་གཞིག་ཡང་ཡང་དང་ཕྱོགས་གང་ས་ཅི་ཐད་ཀྱི་གནས་ཚུལ་ལ་གཞིགས་ནས་བྱས་པ་ཞིག་ཡིན། དེའི་དམིགས་ཡུལ་ནི་བཟོ་བཅོས་བརྒྱབ་པ་བརྒྱུད་རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་མི་དམངས་ཀྱི་འདོད་འདུན་དེ་བས་ལེགས་པའི་སྒོ་ནས་མཚོན་པར་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་མཚོན་པར་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་དང་དེ་བས་འཚམ་མཐུན་ཡོང་བ་བྱ་རྒྱུ་བཅས་ཡིན། རྩ་ཁྲིམས་བཟོ་བཅོས་རྒྱག་པར་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པ་དགོས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མཐུན་པ་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་འདོད་འདུན་གཅིག་སྡུད་ཐོག་མཚོན་པ་ཞིག་དང་ཚན་རིག་དང་མཐུན་པའི་དམངས་གཙོའི་བརྒྱུད་རིམ་བརྒྱུད་ཆགས་པའི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཤིག་ཡིན། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བྱེད་སྒོ་གལ་ཆེན་ཞིག་དང་ཁྲིམས་འཛུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་སྤེལ་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྐྱོད་པ་བཅས་བྱས་ཏེ་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ལས་དོན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་རྩ་ཁྲིམས་ནི་མི་དམངས་ཀྱི་རྩ་ཁྲིམས་ཡིན་པས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་སྐབས་དམངས་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་རྟོག་ཞིབ་བྱེད་པ་དང་། དམངས་ཀྱི་འདོད་འདུན་རྒྱ་ཁྱབ་ཏུ་བསྡུ་ཉན་བྱེད་པ། དམངས་ཀྱི་བློ་གྲོས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱི་འདོད་འདུན་གང་ལེགས་མཚོན་པ་བྱེད་དགོས། ཚང་མས་བསམ་གཞིག་གཏིང་ཟབ་བྱས་ཏེ་བསམ་འཆར་དང་གྲོས་འགོ་འདོན་རྒྱུའི་རེ་བ་ཡོད། ཚང་མས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་ལྟ་བ་ཟབ་ཏུ་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པ་དང་འབྲེལ་སྣེ་ཁྲིད་དེ་བརྩི་སྲུང་ཞུ་བ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཁོངས་མིའི་སྣེ་ཁྲིད་དེ་རྩ་ཁྲིམས་ལ་གོང་བཀུར་ལྷག་བསམ་རྣམ་དག་བྱེད་མཁན་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བྱེད་མཁན་བཅས་ཆགས་པར་བྱ་རྒྱུའི་རེ་བ་ཡོད། ཚང་མས་ཁྲིམས་སྐྱོང་གི་བསམ་བློ་གཏོང་སྟངས་མཁས་པོའི་ཐོག་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། བརྡར་ཤ་གཅོད་པ། བྱ་ཐབས་འདོན་པ་བཅས་བྱེད་པ་དང་ཆབས་ཅིག་ཁྲིམས་སྐྱོང་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། འགལ་ཟླ་སེལ་བ། ཞི་མཐུན་འགན་ལེན་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཏིང་ཤུའེ་ཞང་དང་། ཝང་ཁྲེན། ཞུས་ཆི་ལེང་། ལི་ཅན་གོ དབྱང་ཞའོ་ཏུའུ། ཁྲེན་ཤིས། ཧོང་ཁུན་མིང་། ཡིའུ་ཆོན། ཀྲོའུ་ཆང་། ཚའོ་ཅན་མིང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།
         བཞུགས་མོལ་ཚོགས་འདུར་ཕེབས་པའི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཆི་ཤུས་ཁྲུན་དང་། ཁྲེན་ཞའོ་ཀོང་། མཱ་ཕེ་ཧྭ། ཧོ་མིང་ཅིན། ལིའུ་ཤིན་ཁྲེང་། ཧོ་ཝུའེ། ཅང་ཙོ་ཅུན། ཧྲའོ་ཧུང་། ལི་གཡོད་ཧྥུང་། ཞེ་ཅིང་རུང་། ཀྲེན་ཀྲེན་སོགས་ཡོད་པ་རེད།