མི་དམངས་དྲ་བ།

༄༅།།ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་མཐའ་མཚམས་འཕེལ་རྒྱས་གཏོང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་ཞེས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། ང་ཚོས‘འདུ་ཤེས་བཞི’བརྟན་པོ་འཛུགས་པ་དང། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས”ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
         གསར་འགོད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་དོན་སྙིང་གང་དག་ལྡན་ཡོད་དམ།
         ཝུའུ་དབྱིང་ཅེ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་པ་དང་ཏང་གི་བོད་སྐྱོང་མཛད་ཇུས་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པའི་ལག་ལེན་ནུས་ལྡན་ཞིག་རེད། 
         ང་ཚོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཨང་དང་པོར་འཇོག་པ་དང་ཆེས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་གཏན་ནས་འབྲལ་དུ་འཇུག་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་ཡི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་པ་བྱེད་དགོས། ཁྲིད་སྟོན་ཐད་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་མཐུད་ངང་སྐུལ་མ་བཏང་ནས་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཟབ་ཏུ་གཏོང་དགོས། གཞི་རིམ་གྱི་རྨང་གཞིའི་ལས་དོན་བརྟན་དུ་བཏང་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་བྱེད་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་སྔར་བས་འགྱུར་ཐུབ་པ་བྱེད་དགོས།
         ང་ཚོས་མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་དམིགས་པ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་འགན་ལེན་བྱས་ཏེ་དམག་དམངས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ལེགས་སུ་གཏོང་བ། མཐའ་མཚམས་མི་སེར་གྱི་ཐོབ་ཐང་མཐོ་རུ་གཏོང་བ་སོགས་ཀྱི་ཐད་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དཔེར་ན། མེ་ཏོག་རྫོང་གི་སྲིད་འཛིན་གྲོང་ཚོ་མང་ཆེ་བར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཡུལ་སྨད་ཚད་བརྒལ་སར་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་ཐུབ་པ་ལྟ་བུའོ།
         གསར་འགོད་པ། བོད་ནི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་ཞིག་ཡིན་པས་འདས་ཟིན་པའི་ལོ་5ཡི་ནང་མི་འབོར་དབུལ་པོ་ཁྲི་53ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་བསྒྲུབ་རྒྱུར་ལུས་པའི་ལས་དོན་ནི་སྤེལ་དཀའ་བ་ཤ་སྟག་ཡིན་པས་བོད་ཀྱིས་ཇི་ལྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་སམ།
         ཝུའུ་དབྱིང་ཅེ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ནི་དཔལ་འབྱོར་གྱི་གནད་དོན་ཞིག་རེད་ལ་མི་རིགས་དང་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་རེད། མི་འབོར་དབུལ་པོ་ཚང་མ་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་དུས་ཐོག་ཏུ་འབུད་ཐུབ་པ་བྱེད་པ་ནི་ང་ཚོས་བཏང་བའི“དམག་བཀའ”ཞིག་རེད། སྤྱིའི་འགག་སྒྲོལ་གྱི་དམིགས་ཚད་གཏན་འཁེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་པས་དམིགས་ཚད་མ་སྒྲུབ་ཚེ་བློས་གཏོང་གཏན་ནས་མི་བྱེད་པའི་རྣམ་འགྱུར་མཐའ་འཁྱོངས་དང“གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་པའི”འབད་འཐབ་སྙིང་སྟོབས་ཐོག་ནས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ།
         གཅིག་ནི་ཁྱད་པར་ཅན་གྱི་སྲིད་ཇུས་ལག་བསྟར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ཆབ་མདོ་དང་། ནག་ཆུ། གཞིས་རྩེའི་ནུབ་རྒྱུད་སོགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་རྫོང་34རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་གཅིག་སྡུད་བྱས་ཏེ་འགག་སྒྲོལ་དམག་འཐབ་རྒྱག་དགོས་པ་དང་། གཉིས་ནི་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོ་སོགས་མང་ཚོགས་ཀྱིས་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་ཐོན་ལས་ལ་དམིགས་ནས་མི་ཁྲི་32.3དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱེད་དགོས། ཡུལ་སྐོར་རིག་གནས་ཐོན་ལས་དེ་སྣེ་ཁྲིད་དང་འདེགས་སྐྱོར་ཐོན་ལས་སུ་བརྩིས་ཏེ་མང་ཚོགས་དབུལ་པོ་ཡུལ་སྐོར་རིག་གནས་ཐོན་ལས་ནང་ཞུགས་པ་བརྒྱུད་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་བྱས་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས། གསུམ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ལས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིད་དཀའ་བའི་ས་བབ་ཆེས་མཐོ་བ་དང་སྣོད་བཅུད་ཉམས་ཞན་སོགས་ས་ཁུལ་གྱི་མང་ཚོགས་དབུལ་པོ་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་གནམ་གཤིས་ཆ་རྐྱེན་ཡག་པ་སོགས་སྡོད་མལ་དང་བྱ་གཞག་གཏོད་རྒྱུར་འཚམ་པའི་ས་གནས་སུ་དངོས་འབྲེལ་སྤོ་དགོས། བཞི་ནི་བོད་སྐྱོར་དབུལ་སྐྱོར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་བོད་སྐྱོར་མ་དངུལ་80%ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཏོང་དགོས། ལྔ་ནི་སྣོད་བཅུད་དབུལ་སྐྱོར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་སྣོད་བཅུད་མ་དངུལ་བསྡུ་སྒྲིལ་བྱས་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་ལས་གནས་གཏན་འཁེལ་དང་། མི་སྣ་གཏན་འཁེལ། ལས་འགན་གཏན་འཁེལ། གླ་ཆ་གཏན་འཁེལ་བཅས་ཡོང་བར་བྱེད་དགོས། དྲུག་ནི་རིག་སྐྱོར་དང་བློ་སྐྱོར་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་དམ་ཟབ་བྱེད་དགོས། བདུན་ནི་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་གནད་སྨིན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་དུད་ཚང་གཅིག་དང་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས་པ་བཅས་རེད།
         གསར་འགོད་པ། བོད་འདི་ཉིད་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་མང་ཚོགས་ཀྱི་རེ་བ་མཐོ་པོ་ཡོད། རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་མེད་པའི་གནས་ཚུལ་འོག་བོད་ཀྱིས་ཇི་ལྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་སམ།
         ཝུའུ་དབྱིང་ཅེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དང་། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པ། གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་དེ་བཞིན་ཕ་ཡུལ་དང་ཁ་བྲལ་མི་དགོས་པ་དང་། སྒྲུབ་ཐུབ་ལ་སྒྲུབ་ཤེས་པ། གནས་སྤོས་དབུལ་སྐྱོར་གྲོང་རྡལ་ཕྱོགས་སུ་འདུ་འཛོམས་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཆ་ཚང་བའི་ས་ཁུལ་དུ་འདུ་འཛོམས། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་སྦྲེལ་མཐུད། ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་མཐོར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་སུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། ལས་བྱེད་པས་ལས་འགན་འཁུར་བ་དང་ལས་དོན་སྒྲུབ་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལ་བསྔགས་སྐུལ་བྱེད་པ་སོགས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩིས་ནས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས།
         མི་རིགས་ཁག་གི་མང་ཚོགས་ཚོར་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་། ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གནས་ས་རེད་ལ་ང་ཚོས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་སའང་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་ལས་ཞུགས་གཙོ་གནད་དུ་བྱེད་པའི་དམངས་འཚོའི་ལས་དོན་མངོན་གསལ་དོད་པོས་དམ་འཛིན་དང་། སྲིད་ཇུས་དང་བྱེད་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་བསྔགས་སྐུལ་བྱེད་པ། སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་ཁག་གི་མང་ཚོགས་སྒོ་རྩ་ནས་སྤུས་ཚད་མཐོ་བའི་སྨན་བཅོས་དང་སློབ་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། ང་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་སྣོད་བཅུད་སྔོན་དུ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།