མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་དང་ཐོག་མི་རིང་བའི་གོང་རི་པིན་གྱི་ཀོན་ཤིས་ས་ཁུལ་དང་པེ་ཧའེ་ཏའོ་རུ་རྒྱ་མཚོའི་རླུང་འཚུབ་དྲག་པོ་དང་ས་ཡོམ་གྱི་གནོད་འཚེ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པར་འཚམས་འདྲི་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་ནས་བརྟན་པོ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད། ཀྲུང་རི་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཉམ་དུ་འགན་འཁྲི་འཁུར་ཏེ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་དར་རྒྱས་གོང་འཕེལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས། འདི་ལོ་ནི་ཀྲུང་རི་དབར་ཞི་བདེ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་དུས་ཤིག་ཡིན་ཞིང་། ཉེ་བའི་དུས་སྐབས་ཤིག་རིང་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་རི་པིན་སྲིད་གཞུང་གིས་ཀྲུང་གོ་དང་འབྲེལ་བའི་ཐད་རྣམ་འགྱུར་ཡག་པོ་ཐེངས་མང་བསྟན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་རིའི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་འཕྲད་ཡོད། དུས་བབ་གསར་པའི་འོག་ང་ཚོས་མུ་མཐུད་ཁ་ཕྱོགས་གཅིག་ལ་གཏད་ནས་མདུན་སྐྱོད་བྱེད་པ་དང་། འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ། ཀྲུང་རི་དབར་གྱི་འབྲེལ་བ་བརྟན་ཐོག་ཡར་བརྩོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་རི་ཕྱོགས་གཉིས་པོས་ཀྲུང་རི་དབར་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིར་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུས་ནས་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པ། འགལ་ཟླ་དགེ་མཚན་ལྡན་པའི་ངང་དོ་དམ་ཚོད་འཛིན་བྱེད་པ་མ་ཟད། ལྷག་པར་དུ་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་དང་ཐའེ་དབན་སོགས་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་དང་ཡག་པོ་བྱས་ནས་རྣམ་པ་བཟང་པོ་ཞིག་བཏོད་དེ་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ང་ཚོས་རི་པིན་ཕྱོགས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་མུ་མཐུད་ཧུར་ཐག་ཞུགས་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེས་ཀྲུང་རི་དབར་གཉིས་ཕན་མཉམ་ལས་གཏིང་ཟབ་བྱ་རྒྱུར་ལས་སྟེགས་དང་ཚོད་ལྟ་བྱ་ཡུལ་གསར་པ་ཞིག་བྱུང་ཡོད་ཅེས་ནན་གསུངས་གནང་བ་རེད།