མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་ གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ། 
            མི་དམངས་དྲ་བའི་འཕྲིན། བྱང་ཤར་ལྷོ་ནུབ་དབུས་དང་ཏང་སྲིད་དམག་དམངས་སློབ་བཅས་ཁྱོན་ཡོངས་ཀྱི་ལས་དོན་ནི་ཏང་གིས་འགོ་ཁྲིད་བྱེད་པའི་ལས་དོན་ཞིག་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་བསྟུན་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ཆེན་པོ་ཞིག་ཡིན་པ་དམིགས་སུ་བཀར་ནས་ནན་བཤད་གནང་བ་དང་འབྲེལ་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཏེ་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་བཅས་ལ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
          ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་རྩ་བའི་འགན་ལེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་མངོན་གསལ་དོད་པོ་དེ་ལྟར་ཐོབ་པའི་ཆེས་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ལག་བསྟར་ནུས་ལྡན་བྱུང་བ་དང་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དེ་རེད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་དགོས།
          ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་ནི་བསམ་བློ་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན། མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་ཀྱི་རྩ་བའི་མཛུབ་ཁྲིད་ཀྱི་བསམ་བློ་ཞིག་ཡིན་པས། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་ལས་དོན་དེ་སློབ་གྲྭའི་སློབ་གསོའི་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་སློབ་གསོའི་ཁྱབ་ཁོངས་འདི་ཉིད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་ཡུལ་གྱི་སྟོབས་ཆེའི་འཐབ་སར་འགྱུར་བ་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཏང་གི་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པ་བྱ་རྒྱུ་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད་པས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ཏེ་མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་མཁན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། 
           ང་ཚོས་གཉེར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཡིན་པར་བརྟེན་ངེས་པར་དུ་སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། སློབ་གསོའི་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་རྩ་འཛུཌ་ཀྱིས“འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཏེ་རང་རྟོགས་ངང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས།
           ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་དགོས་ན། འགག་རྩ་ནི་དོན་འཁྱོལ་དང་དོན་འཁྱོལ་ཞིབ་ཚགས་ཡོང་མིན་ལ་རག་ལུས་ཡོད། རིམ་ཁག་ཏང་ཨུད་ཀྱིས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སློབ་གསོར་རྒྱུས་མངའ་ལོན་པ་དང་། སློབ་གསོར་ཐུགས་ཁུར། སློབ་གསོར་ཞིབ་འཇུག་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་སློབ་གསོའི་ཁོངས་གཏོགས་སུ་ནུས་ལྡན་ངང་མངོན་འགྱུར་ཐུབ་མིན་དེ་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་མིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་ཐུབ་མིན་ལ་རག་ལུས་ཡོད། རིམ་པ་ཁག་དང་རིགས་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་སློབ་གཉེར་སློབ་སྐྱོང་གི་རྩ་བར་བརྩིས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་སློབ་གྲྭའི་ལས་དོན་གྱི་ཕྱོགས་ཁག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་ནི་སློབ་གྲྭའི་ལས་དོན་ཁག་གི་སྲོག་རྩ་ལྟ་བུ་ཡིན་པས་རིམ་ཁག་ཏང་ཨུད་དང་། རིམ་ཁག་སློབ་གསོའི་གཙོ་གཉེར་དོ་དམ་སྡེ་ཚན། སློབ་གྲྭའི་ཏང་རྩ་འཛུགས་བཅས་ཚང་མས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་ནི་ཕྱོགས་རྐྱང་པའི་ལས་དོན་ཞིག་མིན་པར་ཕྱོགས་མང་དང་། གང་སར་གནས་པ། དུས་རྟག་ཏུ་གནས་པ། མཉམ་འདྲེས་རྣམ་པ་དང་། ཕྲ་བཏབ་རྣམ་པ། མཉམ་ཤུགས་རྣམ་པ་བཅས་ཡིན་པས་ཐ་དད་འབྲེལ་མེད་དུ་མི་འགྲོ་བ་བྱེད་དགོས། བསམ་བློ་ཆབ་སྲིད་ལས་དོན་གྱི་ཆབ་སྲིད་དཔུང་ཁག་གསོ་སྐྱོང་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་བསམ་བློ་ཆབ་སྲིད་ལས་དོན་རྒྱུན་དུ་སྒྲུབ་པ་དང་མི་སྒེར་ལ་དོན་འཁྱོལ་ཐུབ་པར་བྱེད་དགོས། ཏང་གིས་སློབ་གསོ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དོན་ཐོག་ཏུ་འཁྱོལ་བ་དང་དོན་འཁྱོལ་ཞིབ་ཕྲ་བྱས་ཚེ། སློབ་གསོ་ཡག་པོ་གཉེར་རྒྱུར་རྩ་བའི་འགན་ལེན་ཡོང་ཐུབ།
             ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་དགོས་ན་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་རྩ་བའི་ཐོག་ནས་བརྗོད་ན། ཤེས་ལྡན་མི་སྣ་དང་སློབ་གསོར་རྟེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་མི་བཟང་གསོ་སྐྱོང་མཐའ་འཁྱོངས་བྱས་ཚེ། ང་ཚོས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཐུབ་ངེས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།