མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལི་ཀོང་ཡའོ་སྐུ་གཤེགས་པར་མྱ་ངན་ཞུ་བའི་ཏར་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ཟུར་པ་ལི་ཀོང་ཡའོ་ལུས་ཁམས་མ་བདེ་བར་སྐུ་གཤེགས་པར་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁྲེན་ཆིན་ཡན་ལ་མྱ་ངན་ཞུ་བའི་ཏར་འཕྲིན་བཏང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་གནང་བ་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ལི་ཀོང་ཡའོ་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་འབྲེལ་ལི་ཀོང་ཡའོ་ཡི་གཉེན་ཉེ་ཚོར་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
     ཞིས་ཅིན་ཕིང་གིས་མྱ་ངན་ཞུ་བའི་ཏར་འཕྲིན་གྱི་ནང་དུ་སྐུ་ཞབས་ལི་ཀོང་ཡའོ་ནི་སིང་ཀ་ཕོར་རྒྱལ་ཁབ་གསར་འཛུགས་མཛད་མཁན་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གུས་བཀུར་བྱེད་པའི་འཐབ་ཇུས་མཁས་པ་དང་ཆབ་སྲིད་པ་ཡང་རེད། སྐུ་ཞབས་ལི་ཀོང་ཡའོ་ནི་ཀྲུང་གོའི་མི་དམངས་ཀྱི་འདྲིས་ཆེ་བའི་གྲོགས་པོ་དང་། ཀྲུང་སིང་བར་གྱི་འབྲེལ་བའི་རྨང་གཞི་འདིང་མཁན་དང་། གསར་གཏོད་གནང་མཁན། སྐུལ་འདེད་གནང་མཁན་བཅས་ཡིན། སྐུ་ཞབས་ལི་ཀོང་ཡའོ་ཡིས་ཀྲུང་གོའི་དབུ་ཁྲིད་རྒན་རབས་དང་མཉམ་དུ་ཀྲུང་སིང་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གསར་སྤེལ་བྱེད་རྒྱུར་མཛད་རྗེས་གལ་ཆེན་བཞག་གནང་བ་རེད། སྐུ་ཞབས་ལི་ཀོང་ཡའོ་སྐུ་གཤེགས་པ་ནི་སིང་ཀ་ཕོར་མི་དམངས་ཀྱི་གྱོང་གུན་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གྱོང་གུན་ཡང་ཡིན་ཞེས་བསྟན་པ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་སིང་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། སིང་ཀ་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ད་ལོ་ནི་ཀྲུང་སིང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་25འཁོར་བ་ཡིན་པ་གོ་སྐབས་སུ་བཟུང་སྟེ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པར་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།