མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེན་པོ་མངོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

“དཔལ་འབྱོར་རྒྱུན་རྣམ་གསར་པར་བསྒྱུར་བར་དགའ་འབོད་བྱེད་འོས་པ་ཞིག་ཡོད”
     “ཉེ་ཆར་གྱི་གསར་འགྱུར་ཚང་མའི་ནང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང‘རྒྱུད་གཅིག་ལམ་གཅིག’བསྐྲུན་རྒྱུར་དོ་སྣང་བྱེད་པ་དེ་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་ཀྲུང་གོས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བྱ་ཐབས་ཤིག་ཡིན”ཞེས་ཀྲུང་གོའི་ཡུལ་སྐོར་བ་རྟག་ཏུ་འགྲོ་སའི་ཧན་གོའི་རྒྱལ་ས་ཧྲོའར་གྱི་ཚོང་ལས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཏུ་དེ་གའི་ཚོང་པ་ལུའུ་རུན་ཧའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད་ཅིང་། ཁོང་གིས་ན་ནིང་ནས་བཟུང་དེ་གའི་སྨྱན་སྦྱོར་ཐོག“རྒྱུན་རྣམ་གསར་པ”ཞེས་པ་ཡང་ཡང་སྤྱོད་པ་མཐོང་གི་འདུག་ཅེས་བཤད།
     ཀྲུང་གོའི་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པས་ཕྱི་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་མི་དམན་པ་ཞིག་ལྡན། ཀྲུང་གོའི་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟིང་ཤུགས་ལ་དོ་སྣང་ཆེན་པོ་བྱེད་ཅིང་། འདི་ག་ཚགས་པར་གྱི་གསར་འགོད་པས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་། ཁེ་ལས་མཁས་པ་སོགས་ལ་བཅར་འདྲི་བྱེད་སྐབས་ཁོང་ཚོས་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་རྟིང་ཤུགས་སྔར་བཞིན་ཆེན་པོ་ཡོད། གསར་དར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན། སྔོ་ལྗང་ཅན་བཅས་སུ་འགྱུར་བ་དང“རྒྱུད་གཅིག་ལམ་གཅིག”སོགས་བསྐྲུན་རྒྱུ་དེ་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པའི་འབྱུང་ཁུངས་སུ་གྱུར་ནས་ཀྲུང་གོའི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་བ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཀྲུང་གོའི་གནད་དོན་ལ་དུས་ཡུན་རིང་པོའི་ནང་ཉམས་ཞིབ་བྱེད་མཁན་དབྱིན་ཇིའི་ཧྭ་ཝུའེ་སློབ་ཆེན་ཚོང་དོན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁ་མེ་ལེ·མེ་ལ་ཧོས་ཉེ་ཆར་ཀྲུང་གོས་གསར་གཏོད་ལྡན་པའི་བྱ་ཐབས་དང་ཇུས་གཞི་མང་པོ་བཏོན་པ་དེས་རྒྱུན་རྣམ་གསར་པ་ཞེས་པའི་ཚིག་དེ་སྔར་ལས་ཞིབ་ཕྲར་གྱུར་ཡོད། རྒྱུན་རྣམ་གསར་པའི་དམིགས་ཚད་ཧྲིལ་པོ་གྲུབ་ཆེད་ཀྲུང་གོས་དཔལ་འབྱོར་གྱི་གྲུབ་ཆ་སྒྱུར་བཅོས་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད་ཅེས་གསར་འགོད་པར་བཤད།
     “དཔལ་འབྱོར་རྒྱུན་རྣམ་གསར་པར་བསྒྱུར་བར་དགའ་འབོད་བྱེད་འོས་པ་ཞིག་ཡོད”ཅེས་མེ་ལ་ཧོས་དེ་ལྟར་བཤད་ཅིང་། ཁོང་གིས་དཔལ་འབྱོར་གྲུབ་ཆ་སྔར་ལས་ལུགས་མཐུན་དང་རྒྱུན་བསྲིང་འཕེལ་རྒྱས་ཡོང་བ་དེས་ཀྲུང་གོ་དང་མཐའ་ན་འཛམ་གླིང་ཧྲིལ་པོར་ཕན་པ་ཡུན་རིང་ཐོབ་རྒྱུ་རེད་ཅེས་བཤད།
     མེ་ལ་ཧོས་གསར་གཏོད་བྱ་རྒྱུ་ནི་རྒྱུན་རྣམ་གསར་པའི་ནང་དོན་གཙོ་བོ་ཡིན་པས་ཀྲུང་གོ་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ནས་གསར་གཏོད་སྐུལ་སྤེལ་རྒྱལ་ཁབ་ཏུ་བསྒྱུར་བའི་བརྒྱུད་རིམ་ནང་འགྲན་སློང་མི་ཉུང་བ་འཕྲད་སྲིད། དེར་བརྟེན་ཀྲུང་གོ་སྲིད་གཞུང་གིས་བྱ་ཐབས་ཧུར་ཐག་སྤེལ་བ་དཔེར་ན། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་དང་། གསར་གཏོད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ནུས་པ་གསོ་སྦྱོང་གི་མ་འཇོག་བྱ་ཤུགས་ལ་ཤུགས་སྣོན་རྒྱག་པ་ལྟ་བུ་ཡིན་ཞེས་དང་། ཁོང་གིས་གསར་གཏོད་ཁྱབ་ཁོངས་ལ་སྐུལ་མ་བཏང་ནས་ཡར་རྒྱས་ཆེན་པོ་ཡོང་བར་ཀྲུང་གོ་སྲིད་གཞུང་གིས་སློབ་གསོར་གཏོང་ཤུགས་དང་ཚན་ཞིབ་ཀྱི་མ་འཇོག་བྱ་ཤུགས་ཆེ་རུ་བཏང་ནས་གུ་ཡངས་པའི་གསར་གཏོད་ཁོར་ཡུག་ཅིག་མུ་མཐུད་གཏོད་དགོས་ཚུལ་བརྗོད།
     “ཀྲུང་གོ་འཕེལ་རྒྱས་བྱུང་བ་ལས་ཕན་པ་སྔར་ལས་མང་བ་ཐོབ་རྒྱུའི་རེ་བ་བྱེད”
     “ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་ཅུང་དལ་དུ་བཏང་ནའང་། བཟོ་སྐྲུན་ལས་རིགས་མུ་མཐུད་དར་ནས་རིམ་པ་མཐོ་འབྲིང་གི་བཟོ་སྐྲུན་ལས་རིགས་སྣ་ཚོགས་ཕན་ཚུན་འགྲན་རྩོད་ཇེ་ཆེར་སོང་བ་དང་། འཛད་སྤྱོད་པའི་ཁྱབ་ཁོངས་ལའང་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེན་པོ་ལྡན། སླད་ཕྱིན་ལོ་10ནས་20ཡི་བར་ཀྲུང་གོར་སྔར་བཞིན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པས་ཀྲུང་གོ་འཕེལ་རྒྱས་སོང་བ་ལས་ཕན་པ་སྔར་ལས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲུང་གོའི་རྒྱལ་ནང་དུ་རླངས་འཁོར་ལྷུ་ལག་བཟོ་གྲྭ་གཉེར་མཁན་ཧན་གོའི་ཁེ་ལས་མཁས་པ་ཨན་ཤའོ་རུན་གྱིས་གསར་འགོད་པར་དེ་ལྟར་བཤད། ཁོང་ནི་འདི་ག་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་བྱ་ཡུལ་ཧན་གོའི་ཁེ་ལས་མཁས་པ་གཞན་མང་པོ་དང་འདྲ་བར་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་མཁན་ཞིག་ཡིན།
     ཧན་གོའི་ཉོ་ཚོང་མཐུན་ཚོགས་ཀྱི་གཙོ་ཁྲིད་ཞིབ་འཇུག་ཨུ་ཡོན་ལི་ཧྥེང་ཅེས་དཔལ་འབྱོར་གྱི་འཕར་ཚད་དལ་དུ་གཏོང་བ་ནི་ཀྲུང་གོའི་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་སོང་བ་དང་སྦྲགས་སྔོན་དཔག་ཐུབ་པའི་འབྲས་བུ་ཞིག་ཡིན། ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་2007ལོའི་14.2%ནས་2014ལོའི་7.4%བར་དལ་དུ་བཏང་ནའང་། དཔལ་འབྱོར་གྱི་གཞི་ཁྱོན་དུས་ཚིགས་དེའི་ནང་ལྡབ་2.4ལ་ཉེ་བ་མང་དུ་སོང་ནས་ཨ་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་བ་ནི། 2002ལོར་ཨ་རིའི་དཔལ་འབྱོར་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་10ཟིན་པའི་སྐབས་དེའི་དཔལ་འབྱོར་འཕར་ཚད་4%ལས་མེད་པ་ལས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔར་བཞིན་ཆུ་ཚད་མཐོ་པོར་སླེབས་པ་མཚོན་པའི་ངོས་འཛིན་བྱས།
     “ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེན་པོ་ལྡན”ཞེས་ལི་ཧྥེང་ཅེས་ངོས་འཛིན་བྱས་དོན། ཁོང་གིས་དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་སྐབས་ཀྲུང་གོ་སྲིད་གཞུང་གིས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ནས་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་ཡོང་བར་སྲིད་ཇུས་ཀྱི་རྨང་འདིང་བ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་སྒྱུར་བཅོས་ཀྱི་བྱ་ཐབས་དེ་དག་རྒྱུན་གནས་ཐུབ་རྒྱུ་རེད་ཅེས་བཤད།
     “ངས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེན་པོ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད”
     “ངས་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེན་པོ་ལྡན་པའི་ཡིད་ཆེས་བྱེད་ཀྱི་ཡོད། གང་ལགས་ཤེ་ན། རྒྱུན་རྣམ་གསར་པས་དུས་རབས་གསར་པའི་བཟོ་ལས་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་པས་ཡིན”ཞེས་མ་འཇོག་རྒྱ་གར་ཀུང་སིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་འགན་ཁུར་བ་ཅེ་ཨེན་གྱིས་གསར་འགོད་པར་དེ་ལྟར་བཤད་ཅིང་། ཁོང་གིས་མ་འཇོག་རྒྱ་གར་ཀུང་སི་ནི་རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་གར་བཟོ་ལས་སྲིད་ཇུས་སྐུལ་སྤེལ་ཅུས་ཀྱིས་མཉམ་དུ་མ་རྩ་བཏོན་ནས་བཙུགས་པ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ཕྱི་རྒྱལ་གྱི་མ་འཇོག་མཁན་རྒྱ་གར་ལ་མ་འཇོག་བྱེད་པར་ཡོང་བར་བློ་འདྲི་མཁོ་འདོན་བྱེད་རྒྱུ་དེ་ཡིན་པ་རེད།
     ཅེ་ཨེན་གྱིས་རྒྱུན་རྣམ་གསར་པའི་འོག་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་མགྱོགས་པ་དེས་སྐྱེ་བོ་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད། 7%ཡས་མས་ཀྱི་འཕེལ་ཚུལ་ལ་སྔར་བཞིན་སྟོབས་ཤུགས་ཆེན་པོ་ལྡན། སྦགས་བཙོག་ཆེ་བའི་ལས་རིགས་ཀྱི་ཐོན་ནུས་ལྷག་མ་ཉུང་འཕྲི་དང་མེད་པ་བཟོས་ནས་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་སྦྲེལ་ཁྲོད་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་ནི་ཀྲུང་གོའི་ད་ལྟའི་སྒྱུར་བཅོས་ཀྱི་གནད་འགག་ཅིག་ཡིན་ཞེས་བཤད།
     ཅེ་ཨེན་གྱིས་ཀྲུང་གོའི་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པས་ས་ཁང་ལས་རིགས་ཀྱི་ཁྲོམ་ར་དང་། ལྕགས་དང་ངར་ལྕགས། ཨར་འདམ་དང་དེ་བཞིན་འབྲེལ་ཡོད་ལས་རིགས་ཀྱི་དགོས་མཁོར་ཤུགས་རྐྱེན་ཐེབས་སྲིད་ནའང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཞན་ལ་ཀྲུང་གོའི་མ་འཇོག་མཁན་སྔར་ལས་མང་བའི་དོ་སྣང་ཡོང་ངེས། ཀྲུང་གོས་ཕྱི་རྒྱལ་ལ་མ་འཇོག་བྱས་པ་དེ་ཉེ་ཆར་ཕྱི་ནས་བཀུག་པའི་མ་འཇོག་ལས་འགལ་བ་ནི་མཚོན་བྱེད་ལྟ་བུར་གྱུར་ཡོད། ད་ཆ་ཁོང་ཚོར་ཀྲུང་གོའི་ཁེ་ལས་ཀྱི་བློ་འདྲིའི་རེ་ཞུ་ཇེ་མང་དུ་སོང་ཡོད། དེ་ད་དུང་མུ་མཐུད་གནས་རྒྱུ་རེད་ཅེས་བཤད།
     ཅེ་ཨེན་གྱིས་ཆེས་གལ་ཆེ་ཤོས་ནི་ཀྲུང་གོའི་གསར་གཏོད་ཀྱི་ནུས་པ་སྟོབས་ཆེར་འགྲོ་བ་དེ་ཡིན། མི་ཤུགས་ཀྱི་མ་གནས་ལེགས་སུ་སོང་བ་ཕུད་ཀྲུང་གོའི་ཞིབ་སྤེལ་གྱི་གཏོང་སྒོའང་ཆེ་རུ་སོང་ཡོད། འདི་ལོ་ཀྲུང་གོའི་ཞིབ་སྤེལ་གྱི་གཏོང་སྒོ་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་2.2%ཟིན་ནས་བསྡུར་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལ་སླེབས་ཉེར་ཡོད། ཀྲུང་གོས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འབད་བརྩོན་བྱས་ནས་སྔོ་ལྗང་འཕེལ་རྒྱས་དོན་གཉེར་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཆེན་པོར་འགྱུར་རྒྱུར་གཞོལ་བཞིན་པའི་ངོས་འཛིན་བྱས།
     རྒྱ་གར་གྱི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་འབུམ་རམས་པ་ཏན་ཉི་སེས“ཀྲུང་གོས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་ཐ་སྙད་བཏོན་པ་དེས་འཛམ་གླིང་ཡོངས་ལ་ཀྲུང་གོས་དཔལ་འབྱོར་ཕྱོགས་འགྱུར་བྱེད་རིང་འཕེལ་རྒྱས་ཀྱི་མྱུར་ཚད་མཐོ་འབྲིང་རྒྱུན་སྐྱོང་བ་དང་ཆབས་ཅིག་སྤྱི་ཚོགས་དང་ཁོར་ཡུག་གི་ཕན་འབྲས་མཉམ་དུ་ཐོན་པ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་བརྟན་ཡོད”ཅེས་བཤད།