མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

 ཉེ་ཆར། ཨ་རི་ཉིའུ་གཡོད་ཅ་ཝེ་ཚེ་ལྟེ་གནས་སུ་2015ལོའི་ཨ་རིའི་དཔེ་དེབ་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པའི་ནང་གི《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཡི་ཞིབ་བསྡུར་ཁྱབ་གདལ་ཚོགས་འདུར་མི་རྣམས་ཀྱི་དོ་སྣང་ཆེན་པོ་ཐོབ་ཡོད། དེ་ནི་དཔེ་དེབ་དེ་ཨ་རིའི་དཔེ་དེབ་ཁྲོམ་རར་གཅིག་སྡུད་འགྲེམས་སྟོན་དང་མཚམས་སྦྱོར་བྱེད་ཐེངས་དང་པོ་ཡིན་པ་དང་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་འབོར་ཆེན་ཞིག་དང་། ཨ་རིའི་སྨྱན་སྦྱོར། ཀློག་པ་པོ་བཅས་ཞུགས་རྒྱུའི་བློ་བཀུག་ཡོད་པ་རེད།
     “དཔེ་དེབ་དེས་གཙོ་འཛིན་གཅིག་དང་། རྒྱལ་ཁབ་གཅིག ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཤེས་དཔལ་བཅས་ཤེས་རྟོགས་བྱ་ཆེད་ཁ་གསལ་ལ་གཏིང་ཟབ་པའི་སྐར་ཁུང་ཞིག་ཕྱེ་ཡོད”ཅེས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅིས་ཤིན་ཀེས《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཡི་ཞིབ་བསྡུར་འོས་སྦྱོར་ཚོགས་འདུའི་ཐོག་ཤིས་ཚིག་འདི་ལྟར་བྲིས་ཡོད་པ་རེད། ཅིས་ཤིན་ཀེས་སྐབས་འདིའི་ཨ་རིའི་དཔེ་དེབ་འགྲེམས་སྟོན་གྱིས་ཨ་རིའི་ཀློག་པ་པོར་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བརྩམས་ཆོས་འོས་སྦྱོར་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
     ཨ་རིའི་རྩོམ་པ་པོ་ཀྲུང་གོའི་གནད་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་ལུའོ་པོ་ཐེ·ཁུའུ་ཨེན་གྱིས་ངས་ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་སྟངས་ཐད་ཀྱི་ཇུས་གཞི་དང་དེ་བཞིན་ཁོང་གིས་བཏོན་པའི“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པར་སྔ་ཕྱི་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། 《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དཔེ་དེབ་དེས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྒྱུར་བཅོས། ཁྲིམས་ལྟར་རྒྱལ་སྐྱོང་། ཏང་འཛུགས་སྐྱོང་བཅས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་གཙོ་གནད་ཐོག་གླེང་བ་དང་དེས་ན་ཕྱོགས་བཞི་པོ་དེ་དག་གི་ནང་དོན་ལས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པའི་ལྟེ་བའི་སྒྲོམ་གཞི་གྲུབ་པ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཡིན་ཞིང་། མདོར་བསྡུས་ནས་བཤད་ན“ཕྱོགས་ཡོངས་བཞི”ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་བསམ་བློ་དང་བྱ་ཐབས་མཚོན་ཡོད་ཅེས་བཤད་པ་རེད།
     ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཞིབ་བསྡུར་འོས་སྦྱོར་ཚོགས་འདུའི་ཐོག《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དཔེ་དེབ་དེར་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཏང་གི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱིས་རྒྱལ་ཁབ་སྐྱོང་བའི་བསམ་གཞིག་དང་ལག་ལེན་བཀོད་པ་དང་འཛམ་གླིང་ལ་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཕྱེ་ཡོད་ཅེས་བཤད་པ་རེད།
     《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དཔེ་དེབ་ཀྱི་ཡིག་སྒྱུར་ལས་དོན་ཁྲོད་ཞུགས་པའི་ཀྲུང་གོའི་ཡིག་སྒྱུར་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧོང་ཡིའུ་དབྱིས《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་དཔེ་དེབ་པར་བསྐྲུན་བྱས་རྗེས་སྔ་རྗེས་སུ་ཧྥ་ལན་ཁེ་ཕུའུ་དང་། ལོན་ཏོན། ཉིའུ་གཡོད་བཅས་དཔེ་དེབ་འགྲེམས་སྟོན་ཆེ་མོ་གསུམ་ཐོག་འཚམས་སྦྱོར་བྱས་པ་དང་ལོ་ཕྱེད་ལྷག་ཙམ་རིང་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་ཚད་དཔེ་དེབ་ཁྲི་450ཟིན་པའི་ནང་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཚད་དཔེ་དེབ་ཁྲི་40ཟིན་ནས་ཟིན་ཐོ་གསར་པ་བཏོད་པ་ལས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོ་ཤེས་རྟོགས་བྱེད་འདོད་ཆེན་པོ་ཡོད་པ་མཚོན་ཡོད་ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད། ཉིན་དེའི་ཞིབ་བསྡུར་ཁྱབ་གདལ་ཚོགས་འདུའི་ཐོག་བྱེད་སྒོའི་ཁྲོད་ཞུགས་པའི་ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོ་ཞིག་གིས་དེ་ནི་དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པའི་དབང་གྲགས་ཆེ་ཤོས་ཀྱི་བརྩམས་ཆོས་ཤིག་རེད་ཅེས་བཤད་པ་རེད།