མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པེ་ཅིང་གོང་མའི་ཕོ་བྲང་གིས་མི་སྣ་ཚོད་འཛིན་གྱི་སྒྲིག་སྲོལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་09ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ཟླ་5ཚེས་17ཉིན་པེ་ཅིང་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གིས“ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོ”ཐེངས་བཅུ་པ་ཡིན་པའི་ད་ལོའི་ཟླ་6ཚེས་13ཉིན་ནས་བཟུང་མི་སྣ་འཁོར་རྒྱུག་བྱེད་ཚད་ཉིན་རེར་མི་ཐེངས་ཁྲི་8བར་ཚོད་འཛིན་བྱེད་འགོ་འཛུགས་རྒྱུ་དང་དེ་བཞིན་མིང་ངོ་མ་བཀོད་ནས་སྤ་སེ་ཚོང་བ་སོགས་ཀྱི་འབྲེལ་ཡོད་བྱ་ཐབས་སྒོ་ཀུན་ནས་ཁྱབ་སྤེལ་གཏོང་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དུས་མཚུངས་མི་སྣ་འཁོར་རྒྱུག་ཚོད་འཛིན་བྱེད་པའི་རྨང་གཞིའི་ཐོག་ཡ་ཚེས་ཉིན་གྱི་མི་སྣ་འཁོར་རྒྱུག་ཁག་བགོས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཕྱིར་ཡུལ་སྐོར་ལས་དོན་ཁང་ཚོགས་པར་སྔ་དྲོ་དང་ཕྱི་དྲོའི་དུས་མཚམས་དབྱེ་ནས་སྤ་སེ་སྔོན་ཚོང་གི་ཚོད་ལྟ་བྱ་རྒྱུ་ཡིན་ཡང་ཕྱི་དྲོའི་དུས་མཚམས་(12∶00རྗེས་སུ་ཡིན་པ)ཀྱི་སྤ་སེ་སྔོན་ཚོང་བྱ་རྒྱུ། གཙོ་བོར་བྱེད་པའི་བྱ་ཐབས་སྤྱོད་རྒྱུ་མ་ཟད། ཚོད་ལྟའི་གནས་ཚུལ་གཞིར་བཟུང་འོས་འཚམ་ངང་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད། ཉེ་ཆར་པེ་ཅིང་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད།
           ཇུས་གཞི་ལས་མངོན་པར་གཞིགས་ན། ཡུལ་སྐོར་ལས་དོན་ཁང་པེ་ཅིང་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གི་སྤ་སེ་སྔོན་ཚོང་མ་ལག་(དྲ་ཚིགས་http://gugong.228.com.cn)ནང་ཞུགས་ནས“ཡུལ་སྐོར་ལས་དོན་ཁང་གི་འཛད་སྤྱོད་པར”ཐོ་འགོད་བྱས་རྗེས་ཡུལ་སྐོར་ལས་དོན་ཁང་གི་གཞི་རྩའི་ཆ་འཕྲིན་མཁོ་འདོན་བྱེད་པ་དང་འབྲེལ་གཉེར་སྐྱོང་ལག་ཁྱེར་དང་གཉེར་སྐྱོང་ཐོབ་ཐང་ལག་ཁྱེར་གྱི་བརྙན་བཤེར་ཡི་གེ་འམ་ཡང་ན་པར་དྲ་ཐོག་ཏུ་བསྐུར་བ་དང་ཞིབ་དཔྱད་བྱས་རྗེས་དྲ་ཤོག་ཐོག“ཡུལ་སྐོར་ལས་དོན་ཁང”ཞེས་པའི་དཔེ་དུམ་གདམ་ག་བྱས་ནས་དེའི་ཁྲོད་ཞུགས་རྗེས་ལྟ་སྐོར་གྱི་དུས་ཚོད་དང་མི་གྲངས་གཏན་འཁེལ་བྱེད་པ་དང་ཚོགས་པའི་ཁོངས་མི་ཡོངས་ཀྱི་ཐོབ་ཐང་ཆ་འཕྲིན་དྲ་འཇུག་བྱེད་པ་དང་འབྲེལ། ཡུལ་སྐོར་སྣེ་ཤན་པ་ཞིག་གི་ཐོབ་ཐང་ལག་ཁྱེར་སྤ་སེ་ཞིབ་དཔྱད་ཀྱི་ལག་ཁྱེར་དུ་དམིགས་འཛུགས་བྱས་ནས་སྤ་སེའི་རིན་པ་སྤྲད་རྗེས་སྤ་སེ་མངགས་ཉོ་བྱེད་ཐུབ་ཀྱི་ཡོད་པ་རེད། ལྟད་མོ་བ་པེ་ཅིང་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གི་སྤ་སེ་མངགས་ཉོའི་མ་ལག་ནང་ཞུགས་ནས“མི་སྒེར་འཛད་སྤྱོད་པར”ཐོ་འགོད་བྱས་རྗེས་དྲ་ཤོག་ཐོག“ལྟད་མོ་བ་དཀྱུས་མའི”དཔེ་དུམ་གདམ་ག་བྱས་ནས་ཐོ་འགོད་བྱས་རྗེས་ལྟ་སྐོར་མི་གྲངས་དང་དུས་ཚོད་གཏན་འཁེལ་བྱེད་པ་དང་ལྟད་མོ་བ་ཚང་མའི་ཐོབ་ཐང་ཆ་འཕྲིན་དྲ་ཐོག་ཏུ་བསྐུར་ནས་སྤ་སའི་རིན་པ་སྤྲད་རྗེས་སྤ་སེ་མངགས་ཉོ་བྱེད་ཐུབ་ཀྱི་ཡོད་པ་རེད། མངགས་ཉོ་ཐེངས་རེ་བྱེད་པར་མང་ཤོས་ལ་སྤ་སེ་ལྔ་ཉོ་ཆོག་གི་ཡོད་པ་རེད།
         དྲ་ཐོག་སྤ་སེ་མངགས་ཉོ་བྱེད་པར་ཉིན་བཅུ་སྔ་སྣུར་དུ་མངགས་ཉོ་དང་ལེན་བྱེད་འགོ་ཚུགས་ཀྱི་ཡོད་པ་དང་། ལྟ་སྐོར་བྱེད་ཉིན་གྱི་སྔ་སྣུར་ཉིན་གཅིག་གོང་གི་ཆུ་ཚོད་21∶00ལ་སྤ་སེ་མངགས་ཉོ་བྱེད་མཚམས་འཇོག་གི་ཡོད་པ་རེད། དྲ་བའི་ཐོག་སྤ་སེ་མངགས་ཉོ་བྱས་མེད་པའི་ཡུལ་སྐོར་ལས་དོན་ཚོགས་པ་ནི་ཁ་གྲམ་ཡུལ་སྐོར་བར་བརྩིས་ནས་ས་གནས་ས་ཐོག་གི་སྤ་སེ་འཚོང་སའི་སྐར་ཁུང་ནས་སྤ་སེ་(མི་རེར་ཐེངས་རེ་ལ་མང་ཤོས་སྤ་སེ་5ཉོ་ཆོག)ཉོ་དགོས་ཀྱི་ཡོད་པ་རེད།