མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་31ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་མདོང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་ཀྱི་སྲིད་ཇུས་དང་བྱ་ཐབས་ལ་སྐུལ་མ་བཏང་ནས་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ཀྱི་འདེགས་གནས་གསར་པ་གཏོད་རྒྱུའི་གཏན་འཁེལ་བྱས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་(འཆར་ཟིན)》ལ་གྲོས་འཆམ་བྱས་པ་བཅས་རེད།
         ཚོགས་འདུའི་ཐོག་གྲོང་ཁྱེར་གྱི་ས་འོག་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཡུན་རིང་དུ་གནས་པ་ལ་དམིགས་ཏེ་རང་རྒྱལ་གྱི་གནས་ཚུལ་དང་བསྟུན་པ་དང་རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས་གྲོང་ཁྱེར་དུ་གློག་ཤུགས་དང་། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན། འཐུང་ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད། ཚ་ནུས། འབར་རླངས་སོགས་གྲོང་སྲིད་མདོང་ཁྱམས་སུ་གཅིག་སྡུད་ཐོག་སྤྱོད་རྒྱུའི་ས་འོག་ཕྱོགས་བསྡུས་མདོང་ཁྱམས་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་འདུ་འགོད་གྲས་སུ་བརྩི་དགོས་ཞེས་བསྟན་པ་རེད། ཚོགས་འདུའི་ཐོག་གཅིག་ནས་གྲོང་ཁྱེར་ཁག་གི་སྲིད་གཞུང་གིས་གྲོང་ཁྱེར་གྱི་ཕུགས་ཀྱི་འཕེལ་རྒྱས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་སྔོན་དུ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་གྱི་རྩ་དོན་གཞིར་བཟུང་ས་འོག་ཕྱོགས་བསྡུས་མདོང་ཁྱམས་འཛུགས་སྐྲུན་གྱི་ཆེད་དོན་འཆར་འགོད་བཟོ་དགོས་པ་དང་། ལོ་འཁོར་གྱི་འཛུགས་སྐྲུན་འཆར་འགོད་ནང་སྔོན་དུ་བཀོད་སྒྲིག་བྱེད་དགོས་ལ་ས་འོག་གི་མདོང་ཁྱམས་སྔོན་འཇོག་དང་ཚོད་འཛིན་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ཡོངས་ནང་ས་འོག་ཕྱོགས་བསྡུས་མདོང་ཁྱམས་འཛུགས་སྐྲུན་གྱི་དཔེ་སྟོན་ཁག་གཅིག་གསར་གཏོད་བྱས་ནས་ཐོབ་ཟིན་པའི་ཉམས་མྱོང་འཚོལ་ཞིབ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཁྱེར་གྱི་ཁུལ་གསར་དང་། གླིང་ཁུལ་སྣ་ཚོགས། ཡུག་སྦྲེལ་གསར་སྤེལ་ས་ཁོངས་བཅས་ཀྱིས་ལམ་བུ་གསར་སྐྲུན་བྱེད་སྐབས་ས་འོག་ཕྱོགས་བསྡུས་མདོང་ཁྱམས་གཅིག་མཚུངས་ངང་འཛུགས་སྐྲུན་བྱེད་དགོས་པ་དང་། གྲོང་ཁུལ་རྙིང་པས་གྲོང་ཁྱེར་རྙིང་པ་སྒྱུར་བཀོད་དང་། ལམ་བུ་སྒྱུར་བཅོས། ཆུ་ལམ་བཅོས་སྐྱོང་སོགས་དང་ཟུང་འབྲེལ་བྱས་ནས་མདོང་ཁྱམས་འཛུགས་སྐྲུན་སྤྱི་འདོམས་ངང་བཀོད་སྒྲིག་བྱེད་དགོས་པ། མདོང་ཁྱམས་འཛུགས་སྐྲུན་བྱས་ཟིན་ན་གློག་སྐུད་དང་ལྕགས་མདོང་ཚང་མ་ངེས་པར་དུ་མདོང་ཁྱམས་ནང་བླུགས་དགོས་པ། མདོང་ཁྱམས་ཕུད་པའི་ས་ཁོངས་སུ་མདོང་ལམ་གསར་པ་སྐྲུན་མི་ཆོག་པ། གྲོང་ཁྱེར་གྱི་ད་ཡོད་གློག་དྲ་དང་འཕྲིན་གཏོང་དྲ་བ་སོགས་གནམ་དཔྱང་སྐུད་ལམ་ས་འོག་ཏུ་ཁྲིད་པའི་ལས་གྲྭ་གང་མགྱོགས་ལག་ལེན་བསྟར་དགོས་པ། གསུམ་ནས་མདོང་ཁྱམས་་འཛུགས་སྐྲུན་དང་ཡོམ་འགོག་གེགས་སེལ་སོགས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ལས་གྲྭ་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་སོགས་ཕྱོགས་ཁག་གི་སྤུས་ཚད་བདེ་འཇགས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་པ། ཚེ་གང་འགན་འཁྲི་དང་ཡུན་གནས་མཚོན་རྟགས་ལམ་ལུགས་བཟོ་བ་བཅས་བྱས་ནས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འཁོར་སྐྱོད་འགན་ལེན་བྱེད་དགོས་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ། བཞི་ནས་མ་འཇོག་དང་མ་དངུལ་མཉམ་བསྲེས་ཀྱི་ལམ་སྲོལ་གསར་གཏོད་བྱས་ནས་ནོར་སྲིད་ཀྱི་མ་འཇོག་མང་དུ་གཏོང་བ་དང་དུས་མཚུངས་དམིགས་བསལ་དུ་གཉེར་སྐྱོང་བྱེད་ཆོག་པ་དང་། མ་འཇོག་ཁ་གསབ་བྱེད་པ། སྐྱེད་གསབ་དངུལ་བུན་གཏོང་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་སྤྱི་ཚོགས་ཀྱི་མ་རྩ་མདོང་ཁྱམས་འཛུགས་སྐྲུན་དང་། གཉེར་སྐྱོང། དོ་དམ་བཅས་ནང་ཞུགས་རྒྱུར་ལྕག་སྐུལ་བཅས་བྱེད་དགོས་ཞེས་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག་སྒྱུར་བཅོས་དང་གསར་གཏོད་བྱས་པ་བརྒྱུད་ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་ལ་སྐུལ་མ་བཏང་ན་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ལས་ཞུགས་དང་གྲོང་མིའི་ཡོང་འབབ་འཕར་བ་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་གཅིག་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། གཉིས་ནས་རང་གཤིས་ཅན་དང་ཁྱད་ལྡན་ཅན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་སློབ་ཆེན་ཐོན་པའི་སློབ་མ་དང་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཞིང་པ་གླ་པ་སོགས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་རང་བདག་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པར་སྐུལ་འདེད་གཏོང་བ། གསུམ་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་འཕར་ས་གསར་པ་སྔོག་འདོན་བྱེད་པ། བཞི་ནས་སྲིད་གཞུང་གི་མ་འཇོག་མང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་PPPསོགས་ཀྱི་བྱེད་ཐབས་ཐོག་ནས་ཡུལ་སྐོར་རྣམ་གྲངས་མ་འཇོག་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ལྕག་སྐུལ་བྱེད་པ་དང་། ཡུལ་སྐོར་ཁེ་ལས་ཀྱི་མ་དངུལ་མཉམ་བསྲེས་ཐབས་ལམ་རྒྱ་ཆེར་གཏོང་བ། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་(འཆར་ཟིན)》ལ་གྲོས་འཆམ་བྱས་པ་རེད།