མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་
ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་
རྒྱུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་གཏན་འབེབས་བཅས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ལོ་ཤར་ཚུན་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་གི་མདུན་དུ་ང་ཚོས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱས་པས་ལས་སླ་པོར་བྱུང་བ་ཞིག་མིན་པའི་གྲུབ་འབྲས་ཐོབ་ཡོད། ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་དེ་སྔོན་དཔག་དམིགས་ཚད་དང་མཐུན་པ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་ཕྲན་བུ་འཕར་བ། གྲུབ་ཆ་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་བ། ཞིང་ལས་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ཕྲན་བུ་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ་དཔལ་འབྱོར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེ་ཙམ་ཡོད་པ་དང་ཁེ་ལས་ཁག་གཅིག་ལ་གཉེར་སྐྱོང་ཐད་དཀའ་ངལ་འཕྲད་པ། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་མི་འདང་བ་དང་སྒུལ་ཤུགས་རྙིང་པ་ཉམས་ཞན་དུ་ཕྱིན་པའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པོ་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར“དུས་གསུམ་རྩེག་སྣོན”གྱི་དམིགས་བསལ་དུས་མཚམས་སུ་གནས་བཞིན་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་ཡོད། འཐབ་ཇུས་ཀྱི་ཚུགས་ཤུགས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་མ་ཟད། ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་འདུ་ཤེས་བཙུགས་ནས་ཐོན་ཉེན་ཡོད་པའི་འགལ་ཟླ་དང་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་ཤེས་པ་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་ཀྱང་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་ཐབས་ཤེས་ལ་བརྟེན་ནས་མདུན་སྐྱོད་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་དེ་རྨང་གཞི་སྲ་བརྟན་དང་གཏིང་ཤུགས་ཆེ་རུ་གཏོང་བའི་ཐོག་འདོན་པ་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཡོད་པའི་ཕུལ་བྱུང་ཁེ་ལས་སྐྱེད་སྲིང་བྱ་རྒྱུ་དེ་དཔལ་འབྱོར་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་འགོ་འཛུགས་སར་བརྩི་དགོས། ངེས་པར་དུ་སྤྱོད་ཚུལ་སྒྱུར་མགྱོགས་སུ་གཏོང་བ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱར་གཞིགས་ནས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དེ་བས་སྣང་ཆེན་བྱེད་པ། དཔལ་འབྱོར་འཕེལ་ཕྱོགས་དང་། གཞི་རྩའི་ཁྱད་ཆོས། ཕྱོགས་ཁག་གི་ཤུགས་རྐྱེན་བཅས་ལ་གནད་ལ་འཁེལ་བའི་དབྱེ་ཞིབ་དང་དབྱེ་འབྱེད་གཏིང་ཟབ་བྱེད་པ། སྲིད་ཇུས་ཀྱི་སྤུས་ཀ་དང་བཀོལ་སྤྱོད་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། ཏན་ཏན་ཏིག་ཏིག་ངང་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམས་པ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཀྱིས་ལྟེ་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཕྲ་མཐོང་སྲིད་ཇུས་བབ་བསྟུན། སྤྱི་ཚོགས་སྲིད་ཇུས་ཀྱིས་གཞི་འདེགས་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱེད་པ། བར་མཚམས་སུ་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་རྨང་གཞིའི་ཐོག་དམིགས་གཏད་ཀྱི་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་སྔོན་ཚུད་ཀྱི་ལེགས་སྒྲིག་དང་ལེགས་སྒྲིག་ཆུང་གྲས་བྱེད་པ། དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་འཇལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། གོ་རིམ་རང་བཞིན་གྱི་ཉེན་ཁ་དོགས་ཟོན་དང་སེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ཕྱོགས་བསྡུས་དོ་སྙོམས་ཐག་གཅོད་བྱེད་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ། ལས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་་ལུགས་མཐུན་གྱི་བར་མཚམས་སུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་པའི་འགྲོ་སོང་གཏོང་ཤུགས་མཐའ་འཁྱོངས་བྱེད་པ། ཁེ་ལས་ཀྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་བ། དམངས་ཁྲོད་མ་དངུལ་དེ་བས་མང་བ་ཞིག་ལ་གཏོང་ཆ་མང་དུ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་དམ་ལྷོད་ཚད་རན་པོ་དང་ལུགས་མཐུན་གྱི་འཁོར་རྒྱུག་རང་བཞིན་མཐའ་འཁྱོངས་བྱས་ཏེ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དངོས་སྒྲུབ་དང་ཕན་འབྲས་ཆེ་བའི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་དང་། མ་འཇོག ཕྱིར་གཏོང་བཅས་བརྟན་པོའི་ངང་འཕར་རྒྱུར་ཁྲིད་སྟོན་བྱེད་དགོས། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། དམངས་ཚོགས་ལ་ལས་གཏོད་དང་དམངས་ཚོགས་ལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་རའི་ཁོར་ཡུག་བཟང་པོ་སྐྲུན་པ། དྲག་རྒྱལ་ཞན་འཇིག་དང་འགྲན་རྩོད་མཉམ་ལས་ཁྲོད་དུ་ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྱུར་བཅོས་དེ་གྲུབ་ཆ་ལེགས་སྒྲིག་བྱེད་པའི་རྩ་བའི་རྒྱབ་རྟེན་ལ་བརྩི་བ་དང་། མུ་མཐུད་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་དང་། ནོར་ཁྲལ། དངུལ་རྩ་སོགས་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ལ་གཙོ་གནད་དུ་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་སྲུང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་ཞུགས་འགན་སྲུང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུར་འགན་སྲུང་བྱེད་པ། དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། ཡོང་འབབ་དམའ་བའི་མི་ཚོགས་དང་། ལས་ཤོར་མི་སྣ། དབང་པོ་སྐྱོན་ཅན་མི་ཚོགས་སོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུར་དེ་བས་དོ་ཁུར་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་སྟབས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བཅས་བྱུང་བ་རེད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལས་དོན་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱ་རྒྱུ་དེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་འགན་ལེན་བྱེད་པའི་ཐད་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་ཇུས་གཞི་ཆེ་མོ་མཐའ་འཁྱོངས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་གཞིར་བརྩི་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བཅས་གཙོ་གནད་ལ་བརྩི་བ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་དང་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི་ཕྱོགས་སུ་སྐྱོད་པ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་དོན་ཁྲོད་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་པ་བཅས་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་། ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
         ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་ཡིན་པ་དེའི་འགན་འཁྲི་གཙོ་བོ་ནི་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་གལ་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཏང་ཨུད(ཏང་ཙུའུ)ལ་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིབ་བཤེར་བྱ་རྒྱུ་སོགས་རེད།
         ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།