མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་31ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་གཙོས་ཀྲུང་ཐུར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱོགས་གསལ་པོ་ཤེས་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྩ་བ་དེ་བརྟན་དུ་གཏོང་བ། ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་རྒྱབ་སྐྱོར་བྱེད་རེས་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཐུབ་པ་དང་ཀྲུང་ཐུར་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་རྒྱ་སྐྱེད་དུ་གཏོང་བ་དང་ཕུན་སུམ་ཚོགས་སུ་གཏོང་དགོས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཐུར་ཁེ་ནི་རྒྱལ་ཁབ་ཉི་ཤུ་པ་ཚོགས་པའི་ཁོངས་མི་གལ་ཆེན་ཡིན། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། འཛམ་གླིང་གི་དཔལ་འབྱོར་དཀའ་བ་གྲངས་མེད་བརྒྱུད་ནས་སླར་གསོ་ཐུབ་པ། ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དུས་བབ་ཛ་དྲག་པ་བཅས་ཀྱི་རྒྱབ་ལྗོངས་འོག་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་ཕྱོགས་གཉིས་པོས་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་རྨང་རྡོ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད། ཙུང་ཐུང་ཨེར་ཏོ་ཨན་དང་ཐུར་ཁེའི་སྲིད་གཞུང་གིས་མི་གང་རུང་གིས་ཐུར་ཁེའི་མངའ་ཁོངས་སུ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་གང་རུང་དང་རྣམ་པ་མཐའ་དག་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་བསྐྱར་བཤད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བསྔགས་བརྗོད་གནང་ནས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་གཞུང་སྡེ་ཚན་དང་སྤེལ་རེས་དམ་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་དང་ཆབ་སྲིད་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ་ཀྲུང་ཐུར་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོར་མི་རིགས་བསྐྱར་དར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད། ཀྲུང་ཐུར་མཉམ་ལས་ཀྱི་མདུན་ལམ་ལེགས་ལ་བྱ་གཞི་ཆེན་པོ་ཡོད་པས་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ལ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་གཏོད་ཐུབ། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འབོད་སྐུལ་དེ་ཐུར་ཁེ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱས་ནས་ཐུན་མོང་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས། ཐུན་མོང་དར་རྒྱས་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ཐུར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག དངུལ་རྩ། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ས་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་པའི་ཚོགས་པ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་ཀྱི་སྒྲོམ་གཞིའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་ཐུར་ཁེ་ཕྱོགས་དང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཨེར་ཏོ་ཨན་གྱིས་ཐུར་ཁེ་སྲིད་གཞུང་གིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དབར་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་བརྩི་མཐོང་བྱས་ཏེ་ཐུར་ཀྲུང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཐུར་ཀྲུང་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་སྐབས་དེར་ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་འབད་བརྩོན་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཚན་རྩལ། ཐོན་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཨེར་ཏོ་ཨན་གྱིས་ཐུར་ཁེ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་རྒྱབ་སྐྱོར་དང“ཤར་དབྱི་སི་ལམ་ལས་འགུལ”སོགས་ཀྲུང་གོར་དམིགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་སྤྱོད་ངན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུར་ཀྲུང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་མཁན་ཕྱོགས་གཏོགས་ཀྱི་བར་ཆད་མི་ཕོག་པ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།
         ཨེར་ཏོ་ཨན་གྱིས་ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་གལ་ཆེན་ཡིན། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དང་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།