མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཀུའོ་པོ་ཞུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་དམག་ཨུད་སྒྲིག་བཤེར་ཨུ་ལྷན་གྱི་《ཀུའོ་པོ་ཞུང་ལ་རྩ་འཛུགས་ཀྱི་ཞིབ་བཤེར་དང་ཐག་གཅོད་བྱས་ཚུལ་སྐོར་གྱི་སྙན་ཞུར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀུའོ་པོ་ཞུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་དེའི་ཚབས་ཆེའི་ལྐོག་རྔན་ལེན་པའི་ཉེས་གསོག་གནད་དོན་དང་ཁུངས་སྣེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དབང་ཆ་སྤྲད་པའི་དམག་དོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         2015ལོའི་ཟླ་4ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་སྲོལ་ཡིག་གཞིར་བཟུང་ཀུའོ་པོ་ཞུང་ལ་རྩ་འཛུགས་ཀྱི་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         བརྟག་དཔྱད་བྱས་པ་བརྒྱུད་ཀུའོ་པོ་ཞུང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་གོ་གནས་སྤོར་ཐབས་སོགས་ཀྱི་ཐད་ཁེ་ཕན་བསྐྲུན་ནས་ཐད་ཀར་རམ་ཡང་ན་ཁྱིམ་མི་བརྒྱུད་ནས་ལྐོག་རྔན་བླངས་ཡོད་པ་དག་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་པ་ཡོད་པ་དང་། གནས་ཚུལ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།
         ཚོགས་འདུའི་ཐོག་ཀུའོ་པོ་ཞུང་གི་ཚབས་ཆེའི་སྒྲིག་འགལ་དང་ཁྲིམས་འགལ་ཉེས་གསོག་གི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ཁྲིམས་བཞིན་དམག་དཔུང་ནན་པོ་སྐྱོང་བའི་འགྱུར་མེད་ཀྱི་ཆབ་སྲིད་ཆོད་སེམས་མཚོན་ཡོད་ལ་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པའི་བློ་སྟོབས་བརྟན་པོ་མངོན་ཡོད། ཏང་ཡོངས་དང་དམག་ཡོངས་ཀྱིས་མིག་སྔའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་ལུགས་གསལ་པོ་ཤེས་པ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས། མི་སུ་འདྲ་ཞིག་དང་། དབང་ཆ་ཆེ་ཆུང་གང་འདྲ་ཞིག གོ་གནས་མཐོ་དམན་གང་ཞིག་བཅས་ཡིན་རུང་ཏང་ཁྲིམས་རྒྱལ་ཁྲིམས་ལས་འགལ་ཕྱིན་ཚང་མར་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་རྒྱ་ཡན་དུ་རྩ་བ་ནས་གཏོང་མི་རུང་ལ་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང་བའི་ངོས་འཛིན་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རིམ་པ་མཐོ་འབྲིང་གི་འགོ་ཁྲིད་ལས་བྱེད་པར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་ཤུགས་ཆེ་རུ་གཏོང་བ་དང་། རུལ་རྒོལ་གཙང་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྲོལ་སྒྲིག་ཁྲིམས་ཀྱི་གཅུན་འདོམས་ནུས་པ་འདོན་སྤེལ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ཐོབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ལྟ་བ། ཁེ་ཕན་ལྟ་བ་བཅས་འཛུགས་པ། སྣེ་ཁྲིད་དེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་བསྟར་བ། སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་བ། སྣེ་ཁྲིད་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པ། རང་རྟོགས་ངང་བསླུ་བྲིད་དང་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་བཅས་ཀྱི་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དུས་ནམ་ཡང་གནས་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་མི་དམངས་དམག་དཔུང་ནི་སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་དཔུང་ཁག་ཅིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་། ཁེ་ཕན་དོན་གཉེར། མི་དམངས་ཀྱི་བརྟན་ལྷིང་འཚོ་བ་སྲུང་སྐྱོབ་སོགས་ཐད་མི་དམངས་དམག་དཔུང་གིས་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། དེར་བརྟེན་ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྔར་རྒྱུན་བཞིན་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སེམས་ཁུར་དང་རྒྱབ་སྐྱོར་གྱིས་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། དམག་དཔུང་རིམ་ཁག་གིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་སྔོན་སྤེལ་མཐའ་འཁྱོངས་དང་། དམག་སྦྱོང་གྲ་སྒྲིག་མཐའ་འཁྱོངས། ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས། མིག་དཔེ་གཞན་སྟོན་མཐའ་འཁྱོངས་བཅས་ཀྱིས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་། མི་དམངས་དམག་དཔུང་གི་ཆབ་སྲིད་རང་མདངས་ཡུན་གནས་ཐུབ་པ་བྱས་ནས་ཚད་མཐོའི་བརྟན་ལྷིང་དང་གཅིག་སྡུད་གཅིག་གྱུར་ཡོང་བའི་འགན་ལེན་གྱིས་རྒྱུན་ཆད་མེད་པར་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་དྲང་ནུས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བྱེད་དགོས།