མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་འཐུས་ཚོགས་ལ་འཕྲིན་ཡིག་
སྤྲིངས་ནས་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་རྒྱལ་སྤྱིའི་
ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འཕྲིན་ཡིག་བཏང་གནང་བ།

                                                                                                                                                     ལིའུ་ཡུན་ཧྲན་པེ་ཅིང་གི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་02ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་འཐུས་ཚོགས་ལ་འཕྲིན་ཡིག་
སྤྲིངས་ནས་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་རྒྱལ་སྤྱིའི་
ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འཕྲིན་ཡིག་བཏང་གནང་བ།

མི་དམངས་དྲ་བའི་འཕྲིན། པེ་ཅིང་གིས་འཛམ་གླིང་གི་སེམས་པ་སླར་ཡང་འགུལ། ཀྲུང་གོས་ཨོ་རྩལ་འགྲན་ཚོགས་ཀྱི་འོད་སྟོང་མུ་མཐུད་བརྩམ་རྒྱུ་རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་128པས་ཚེས་31ཉིན་གྱི་ཕྱི་དྲོ་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་འདེམས་ཤོག་འཕངས་ཏེ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་དེ་པེ་ཅིང་ལ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་འཐུས་ཚོགས་ལ་འཕྲིན་ཡིག་སྤྲིངས་ཏེ་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
     ཞིས་ཅིན་ཕིང་གི་སྤྲིངས་ཡིག་ནང་པེ་ཅིང་གིས་ཀྲང་ཅ་ཁའུ་དང་ལག་གདང་སྦྲེལ་ཏེ་2022ལོའི་སྐབས་ཉེར་བཞི་པའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པས་ངས་ཁྱེད་ཚོར་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཚོས་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་འབད་པ་ཆེན་པོ་བྱས་ཡོད། ཁྱེད་ཚོས་ཡང་འབད་བསྐྱར་འབད་དང་ལས་ཀ་ཏན་ཏིག་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ངོ་མཚར་ཆེ་བ་དང་། སྤྱིར་བཏང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
     ཚེས་31ཉིན་གྱི་ས་སྲོས་ཙམ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་པེ་ཅིང་ཨོ་ལིམ་ཕིག་སྤྱི་གླིང་དུ་ཕེབས་ཏེ་འདི་གར་འཚོགས་པའི་མང་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་པེ་ཅིང་གྲོང་ཁྱེར་དང་ཀྲང་ཅ་ཁའུ་གྲོང་ཁྱེར་ལ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་དོན་སྨིན་བྱུང་བར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུས་པ་དང་། གཉེར་རྒྱུའི་རེ་ཞུའི་ལས་དོན་ཆེད་དཀའ་བ་ཆེན་པོ་སྤྱོད་མཁན་བློ་མཐུན་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་ཁག་དང་གཉེར་རྒྱུའི་རེ་ཞུའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་ཐོག་གི་གྲོགས་པོ་དང་། ལས་རིགས་ཁག་གི་གྲོགས་པོ། རྒྱ་ཆེའི་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
     ལིའུ་ཡུན་ཧྲན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་13གྱིས་ཨོ་ལིམ་ཕིག་ལུས་རྩལ་སླར་ཡང་རེ་འབོད་དང་མཉམ་རོལ་གྱི་རེ་ཞུ་ཞིག་ཡིན་པས་དགུན་དུས་གངས་འཁྱག་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་དང་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གི་མི་དམངས་དབར་ཤེས་རྟོགས་དང་མཛའ་གྲོགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་གྲ་སྒྲིག་གི་ལས་ཀ་བྱེད་འགོ་ཚུགས་པ་མཚོན་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ལེགས་པར་བསྒྲུབས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ངོ་མཚར་ཆེ་བ་དང་། སྤྱིར་བཏང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཤིག་གཉེར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་2022ལོར་པེ་ཅིང་དུ་མགྲོན་པོར་ཕེབས་ནས་མཉམ་དུ་མཛད་སྒོ་གཟབ་རྒྱས་དེ་ལོངས་སུ་སྤྱོད་རྒྱུའི་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ལི་ཀྲན་ཧྲུའུ་ཡིས་རྟེན་འབྲེལ་བྱེད་སྒོའི་ཐོག་ཞིས་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་སྤྲིངས་ཡིག་སྒྲོག་སྦྱངས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་གིས་རྟེན་འབྲེལ་བྱེད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཡང་འབད་བསྐྱར་འབད་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་པར་གཉེར་ནས་ཨོ་ལིམ་ཕིག་ལུས་རྩལ་གྱི་འོད་སྟོང་མུ་མཐུད་གཏོད་དགོས་ཞེས་གསུངས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་དོན་ཨུ་ཡོན་དབྱང་ཅིན་སོགས་རྟེན་འབྲེལ་བྱེད་སྒོར་ཕེབས་ཡོད་པ་རེད།
     ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་དང་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་6000ལྷག་ཙམ་རྟེན་འབྲེལ་བྱེད་སྒོར་ཞུགས་ཡོད་པ་རེད།
     ཚེས་31ཉིན་གྱི་སྔ་དྲོ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་མ་འཕེན་གོང་དང་བརྡས་ཐག་མ་བཅད་གོང་ཞིས་ཅིན་ཕིང་གིས་བརྙན་ལམ་བརྒྱུད་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྷན་རྒྱས་ལ་ཤིས་ཚིག་གསུངས་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་སྒུག་སེམས་པ་དང་རྒྱབ་སྐྱོར་བརྟན་པོ་བྱེད་ལུགས་མཚོན་པར་གནང་བ་དང་། ཀྲུང་གོ་སྲིད་གཞུང་གིས་ཨོ་ལིམ་ཕིག་ལུས་རྩལ་གྱི་རིན་ཐང་ལྟ་བ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་སྒྱུར་བཅོས་ཀྱི་འདོད་ཚུལ་ལ་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། ཁས་ལེན་ཚང་མ་སྒོ་ཀུན་ནས་སྒྲུབ་པ་དང་《ཨོ་ལིམ་ཕིག་2020གྲོས་རིམ》ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་128ཀྱི་ཐོག་ཞིབ་གླེང་སྙན་སེང་ཞུས་ཏེ་ཀྲུང་གོ་སྲིད་གཞུང་གིས་པེ་ཅིང་དང་ཀྲང་ཅ་ཁུའོ་ཡི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུར་རྒྱབ་སྐྱོར་བརྟན་པོ་བྱེད་ལུགས་སླར་ཡང་བསྐྱར་བསྒྲགས་གནང་བ་རེད།
     ཀྲུང་གོའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ལིའུ་ཕུང་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཨན་ཧྲུན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡུས་ཙའེ་ཆིང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏི། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དབྱང་དབྱང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ཨུ་ཡོན་ལྷན་ཁང་གི་སྤྱི་ཡོངས་འཆར་འགོད་པུའི་འགན་འཁུར་བ་དབྱང་ལན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུའི་གཟུགས་བརྙན་ཕོ་ཉ་ལན་ཆིའུ་སྤོ་ལོའི་ལུས་རྩལ་པ་ཡའོ་མིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུའི་གཟུགས་བརྙན་ཕོ་ཉ་བུད་མེད་རང་མོས་རྣམ་པའི་གངས་བཞུད་བར་སྣང་རྩལ་སྟོན་གྱི་འཛམ་གླིང་ཨང་དང་པོ་ཐོབ་མཁན་ལི་ཉི་ན་སོགས་འཐུས་མི་ཚོགས་པའི་ཁོངས་མིས་ཀྱང་གསལ་བཤད་བྱས་པ་དང་། དེ་གར་ད་དུང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུའི་དྲིལ་བསྒྲགས་པར་གཞི་ཡང་བསྟན་པ་རེད།
     རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནང་ཞུགས་པའི་མིང་མ་བཀོད་པའི་འདེམས་ཤོག་འཕེན་པའི་ནང་པེ་ཅིང་ལ་འདེམས་ཤོག་44ཐོབ་སྟེ། 2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པ་དང་གཉེར་རྒྱུའི་རེ་ཞུ་བྱེད་མཁན་གྲོང་ཁྱེར་གཞན་ཞིག་ཧ་སག་སི་ཐན་གྱི་ཨ་མོ་ཐུའུ་ལ་འདེམས་ཤོག་40ཐོབ་ཡོད་པ་རེད།
     ལིའུ་ཡན་ཏུང་སོགས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུའི་འཐུས་མི་ཚོགས་པའི་ཁོངས་མི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྲོང་ཁྱེར་ཁྱབ་བསྒྲགས་ཀྱི་མཛད་སྒོར་ཞུགས་པ་རེད།
     རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་སླར་ཡང་པེ་ཅིང་ལ་མཐོང་ཆེན་གནང་བ་ལས། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་རྒྱུན་སྲིང་ངང་ཡར་རྒྱས་འགྲོ་བའི་གདེང་ཚོད་མངོན་ཡོད་ལ། པེ་ཅིང་གི་2008ལོའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཀྱང་རེད། ཀྲུང་གོར་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་ཡོད་ལ། དགུན་དུས་ཀྱང་ཨོ་རྩལ་འགྲན་ཚོགས་གཉེར་བའི་རྒྱལ་ཁབ་དགུ་པ་དེར་གྱུར་ནས་པེ་ཅིང་འཛམ་གླིང་ཐོག་དགུན་དུས་དང་དབྱར་དུས་གཉིས་ཀར་ལུས་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པའི་གྲོང་ཁྱེར་དང་པོར་གྱུར་པ་རེད།
     གོང་ཚེས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐུའོ་མ་སི·པ་ཧོར་འཕྲིན་ཡིག་བཏང་གནང་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཁས་ལེན་ཚང་མ་བསྒྲུབས་ཐུབ་པ་བྱས་ནས། ཨོ་ལིམ་ཕིག་གི་དགུན་དུས་ལུས་རྩལ་འཕེལ་རྒྱས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དྲིལ་བསྒྲགས་བྱེད་ཆེད། ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་འཁོད་ཡོད། འཕྲིན་ཡིག་ཆ་ཚང་གཤམ་གསལ།
     གུས་པར་འོས་པའི་ཀྲུའུ་ཞི་པ་ཧོ་ལགས།
     དེ་རིང་པེ་ཅིང་དང་ཀྲང་ཅ་ཁུའོ་ལ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གཉེར་དབང་ཐོབ་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཡིད་ཆེས་དང་ཡུན་རིང་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     ངོ་མཚར་ཆེ་བ་དང་། སྤྱིར་བཏང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ནི་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བསམ་འདུན་རེད། ང་ཚོས་ཁས་ལེན་ཚང་མ་བསྒྲུབས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཨོ་ལིམ་ཕིག་དགུན་དུས་ཨོ་རྩལ་འགྲན་ཚོགས་འཕེལ་རྒྱས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་བསྒྲགས་བྱེད་པའི་རྣམ་པ་གསར་པ་ཞིག་ཐུན་མོང་ཐོག་གཏོད་རྒྱུ་ཡིན།
     ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་《ཨོ་ལིམ་ཕིག་2020གྲོས་རིམ་》ལག་ལེན་བསྟར་ནས་གྲོང་ཁྱེར་གཅིག་ཏུ་དབྱར་དུས་དང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉིས་གཉེར་བའི་ཟིན་ཐོ་བཏོད་དེ། ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།

                                                                                                                                                                      ཞིས་ཅིན་ཕིང་ནས།
                                                                                                                                                              2015ལོའི་ཟླ་7ཚེས་30ཉིན་ཕུལ།