མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད། ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་ཐོག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དགོངས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་ཀྲུའུ་ཞི་དབན་ཨོ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་ཀྲུའུ་ཞི་ཀྲང་པའོ་དབུན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ཀྲུའུ་ཞི་ཁྲེན་ཁྲང་ཀྲི། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་ཀྲུའུ་ཞི་ཡན་ཅུན་ཆི། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་ཀྲུང་དབྱང་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་དབུན་ཡི། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་རུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱི་ཕུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔ་རྗེས་རྒྱུན་མཐུད་ཀྱི་གལ་ཆེའི་ལོ་ཞིག་ཡིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”མཐའི་མའི་དུས་མཚམས་ཀྱི་ལས་དོན་ཕུན་སུམ་ཚོགས་པོས་བསྒྲུབས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་ནི་ང་ཚོར་འཕྲད་པའི་ལས་འགན་གལ་ཆེན་ཞིག་རེད། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་ལེགས་པོ་ཡོད་པ་དང་དུས་མཚུངས་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་ཁ་ཤས་གནས་ཡོད་པས་བློ་བསྡུས་དགེ་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཐག་གཅོད་བྱེད་དགོས། ཚང་མས་གཏམ་བཤད་སྤེལ་རིང་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་ལ་ཁྱོན་ཡོངས་ནས་ངོས་འཛིན་བྱེད་པ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་དགོངས་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་པ་དེར་ང་ཚོས་ནན་ཏན་ངང་ཞིབ་འཇུག་དང་བསྡུ་ལེན་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ལོ་སྟོད་དུ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་དཀའ་གནད་གནད་དོན་བཅས་ལ་དམིགས་ནས་འགོ་ཁྲིད་བློ་མཐུན་གཙོ་བོས་སྣེ་འཁྲིད་དེ་ཞིང་ཆེན་10ཙམ་དུ་བསྐྱོད་པ་དང་གཞི་རིམ་གྱི་ཚན་པ་200ལྷག་ཙམ་དུ་བསྐྱོད་དེ་དཔྱད་གཞི་གཙོ་བོར་གཞིགས་ནས་བརྟག་ཞིབ་བྱས་པས་བརྟག་ཞིབ་ཀྱི་འབྲས་བུ་ཁག་གཅིག་ཐོན་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རིགས་ཁག་གི་བརྟག་ཞིབ་སྙན་ཞུ་དང་། བསམ་འཆར། གྲོས་འགོ་བཅས་གོང་ཞུ་བྱས་པས་ང་ཚོས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུ་དང་བྱ་ཐབས་ནུས་ལྡན་སྤྱོད་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་ཐོག་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནས་བཟུང་སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ལ་དམིགས་ཏེ་ས་ཁུལ་དང་སྡེ་ཚན་ཁག་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱས་ནས་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒུལ་ཤུགས་གསར་པ་ཞིག་གང་མགྱོགས་ཆགས་པ་དང་། ལས་ཞུགས་དུས་བབ་གཞི་རྩའི་ཆ་ནས་རྒྱུན་གཏན་ཡོད་པ། སྤྱི་ཚོགས་དུས་བབ་བརྟན་པོ་བྱུང་བ་བཅས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། སྤྱི་ཁོག་སྲིད་ཇུས་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་ང་ཚོའི་འཐབ་ཇུས་ཀྱི་ཚོད་འཛིན་བྱེད་ནུས་དང་ང་ཚོས་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེད་བྱེད་པ་དེ་སྲིད་ཇུས་བརྟན་པོར་བརྟེན་ནས་སྤྱི་ཚོགས་ཡོངས་སུ་བརྒྱུད་འདྲེན་བྱེད་དགོས། སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བར“གཏོར”ཕོད་པ་བྱེད་དགོས་ལ“འཛུགས”མཁས་པོ་ཡང་བྱས་ནས་ཁྲོམ་རའི་ཁོར་ཡུག་བཟང་པོ་གཏོད་དགོས། ཉེན་ཁའི་མཚམས་ཐིག་བརྟན་སྲུང་གིས་ཉེན་ཁ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་དང་སྤྱི་ཚོགས་ཀྱི་བདེ་འཇགས་དྲ་བ་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣས་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རང་སོ་སོའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་གྱི་མང་ཚོགས་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཆགས་པ་བྱེད་དགོས། ཤེས་ལྡན་པ་ལྷན་འཛོམས་ཀྱི་རིག་སྟོབས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་འབྲེལ་བ་རྒྱ་ཁྱབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཁོར་རྒྱུག་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྱོང་བ་བཅས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་ཐད་རྒྱང་ལྟའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་དང་ཡུན་རིང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན་གནང་བ་རེད།