མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ཚོད་ལྟ་ཁང་གི་ལས་
འགན་འདི་ལོ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོ་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གསར་འགྱུར་མགྲིན་ཚབ་པས་རང་རྒྱལ་གྱིས་འདི་ལོའི་ལོ་དཀྱིལ་དང་ཕྱི་ལོའི་ལོ་སྟོད་བར་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ཚོད་ལྟ་ཁང་གི་ལས་འགན་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         མགྲིན་ཚབ་པ་དེས་ངོ་སྤྲོད་བྱས་པར་གཞིགས་ན། བར་སྣང་ཚོད་ལྟ་ཁང་གི་ལས་འགན་ནི་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཐད“གོམ་སྟབས་གསུམ”གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་དེ་བཀོལ་སྤྱོད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཏེ་སྔ་མཐུད་ཕྱི་སྐྱོང་དང་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། འཕུར་སྐྱོད་བྱེད་རིང་དངོས་ཟོག་སྐྱེལ་འདྲེན་དང་སྐུལ་འདེད་ཡོ་ཆས་ཀྱི་འཁོར་ལམ་གསབ་སྣོན་དང་དེ་བཞིན་འཇིག་རྟེན་འཕུར་སྐྱོད་པ་བར་སྣང་དུ་སྡོད་པ་སོགས་བར་སྣང་ས་ཚུགས་བསྐྲུན་རྒྱུ་དང་གཉེར་སྐྱོང་གི་འགག་རྩའི་ལག་རྩལ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་དང་འབྲེལ་གཞི་ཁྱོན་ཆེ་ཙམ་གྱི་བར་སྣང་ཚན་རིག་དང་བཀོལ་སྤྱོད་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། 
          གོང་གསལ་གྱི་ལས་འགན་དང་དམིགས་ཚད་མངོན་འགྱུར་བྱ་ཆེད། རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭས་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་དང་རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་ཟོག་འདྲེན་འཕུར་གྲུ་ཞིབ་འཇུག་གསར་སྤེལ་བྱས་པ་མ་ཟད། ཧའེ་ནན་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ས་གསར་སྐྲུན་བྱས་པ་དང་འཕེན་གཏོང་འཕུར་སྐྱོད་ལས་འགན་ཐེངས་བཞི་སྒྲིག་འཛུགས་བྱེད་དགོས་ཀྱི་ཡོད།
         མགྲིན་ཚབ་པ་དེས་འཆར་གཞི་ལྟར་ན་2016ལོའི་དུས་ཚིགས་གསུམ་པར་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་འཕེན་གཏོང་བྱ་རྒྱུ་དང་། 2016ལོའི་དུས་ཚིགས་བཞི་པར་ལྷ་གྲུ་ཨང་བཅུ་གཅིག་པ་འཕེན་གཏོང་དང་འབྲེལ། འཇིག་རྟེན་འཕུར་སྐྱོད་པ་གཉིས་བླུགས་ཏེ་སུམ་རྩེན་ཨང་གཉིས་པ་དང་འབྲེལ་མཐུད་བྱས་ཏེ་མི་བར་སྣང་དུ་སྡོད་པའི་ཚོད་ལྟ་བྱ་རྒྱུ་ཡིན་པ། དེ་གོང་ད་དུང་ཝུན་ཁྲང་འཕེན་གཏོང་བྱེད་ས་ནས་རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཚོད་གཏོང་བྱ་རྒྱུ་དང་དཔྱད་ཞིབ་བྱས་རྗེས་2017ལོའི་ལོ་སྟོད་དུ་རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདར་བརྟེན་ནས་ལྷ་གྲུ་ཨང་དང་པོའི་ཟོག་འདྲེན་འཕུར་གྲུ་འཕེན་གཏོང་དང་འབྲེལ། སུམ་རྩེན་ཨང་གཉིས་པ་དང་འབྲེལ་མཐུད་བྱས་ཏེ་སྐུལ་འདེད་ཡོ་ཆས་གསབ་སྣོན་སོགས་ཀྱི་འབྲེལ་ཡོད་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད་ཅེས་བཤད།
         མགྲིན་ཚབ་པ་དེས་བར་སྣང་དུ་འབྲེལ་མཐུད་ལས་འགན་སྒྲུབ་མཁན་རང་རྒྱལ་གྱི་སུམ་རྩེན་ཨང་དང་པོའི་འཕུར་སྐྱོད་ཡོ་ཆས་འཁོར་ལམ་ཐོག་འཁོར་སྐྱོད་བྱས་ནས་ལོ་བཞི་དང་ཕྱེད་ཀ་ཕྱིན་ནའང་། འཁོར་སྐྱོད་ཀྱི་གནས་ཚུལ་སྔར་བཞིན་ཡག་པོ་ཡོད་པ་དང་རིགས་ཁག་གི་སྒྲིག་ཆས་ནུས་པ་ཡང་རྒྱུན་གཏན་ལྟར་ཡོད་པས། མུ་མཐུད་འཁོར་ལམ་ཐོག་ལས་འགན་སྒྲུབ་རྒྱུའི་ཆ་རྐྱེན་ལྡན་པ་དང་། བར་སྣང་ཚོད་ལྟ་ཁང་གི་ལས་འགན་གྲ་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་པ་དང་འབྲེལ་རང་རྒྱལ་གྱི་བར་སྣང་ཞིབ་བཟོའི་ལས་དོན་བདེ་བླག་བྱུང་ནས་2020ལོའི་སྔ་རྗེས་སུ་ཀྲུང་གོའི་བར་སྣང་ས་ཚུགས་འཛུགས་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད་ཅེས་བཤད།