མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།G20ཡི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུའི་
ཐོག་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་ཀྱི་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་(G20)ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུ་ཚེས་27ཉིན་ཧྲང་ཧའེ་རུ་མཇུག་སྒྲིལ་བ་རེད། ཚོགས་འདུའི་ཐོག་གྲོས་གཞི་ཆེ་བ་བརྒྱད་ལ་དམིགས་ནས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཞིང་། ཕྱོགས་ཁག་གིས་བྱ་སྤྱོད་སྔར་བས་མང་པོ་སྤེལ་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཐད་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་མོས་མཐུན་བྱས་པ་རེད།
         ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོས་2016ལོའི་G20ཡི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྗེས་གཙོ་གཉེར་བྱས་པའི་G20ཡི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་ཐོག་མ་དེ་རེད། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་བརྙན་འཕྲིན་གསུང་བཤད་གནང་བ་དང་ཀྲུང་གོའི་ནོར་སྲིད་པུའི་པུའུ་ཀྲང་ལོའུ་ཅི་ཝུའེ་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་རྣམ་གཉིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུ་འཚོག་རིང་ཚོགས་ཞུགས་ཕྱོགས་ཁག་གིས་གཙོ་བོ་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་དང་། འཕར་བའི་སྒྲོམ་གཞི། མ་འཇོག་དང་རྨང་གཞིའི་སྒྲིག་བཀོད། རྒྱལ་སྤྱིའི་དངུལ་རྩའི་གཞི་སྒྲོམ། དངུལ་རྩའི་སྡེ་ཚན་སྒྱུར་བཅོས། རྒྱལ་སྤྱིའི་ཁྲལ་འབབ་མཉམ་ལས། འཇིགས་རྒོལ་གྱི་མ་རྩ་མཉམ་འདྲེས། ལྗང་མདོག་དངུལ་རྩ། གནམ་གཤིས་མ་དངུལ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་འབྲེལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཞིག་ཀྱང་བྱུང་བ་རེད།
         ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོའུ་ཅི་ཝུའེ་ཡིས་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་མུ་མཐུད་སླར་གསོ་བྱུང་རུང་དོ་སྙོམས་མེད་པ་དང་། དཔལ་འབྱོར་ཆག་ཉེན་དང་ཉམས་ཞན་རང་བཞིན་ཆེ་རུ་ཕྱིན་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་བྱ་སྤྱོད་སྔར་བས་མང་པོ་སྤེལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་ཐུན་མོང་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་མོས་མཐུན་ཡོད། སླད་ཕྱིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲོའུ་ཞའོ་ཁྲོན་གྱིས་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་ཉེན་ཁ་ཆེ་རུ་སོང་བའི་རྒྱབ་ལྗོངས་འོག G20ཡིས་སྲིད་ཇུས་མཐུན་སྦྱོར་བྱེད་སྟངས་ལེགས་སུ་གཏོང་བ་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་གནང་ཡོད། དེའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུ་དང་བརྟན་པོའི་ངང་སླར་གསོ་ཐུབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། དགོས་ངེས་སྐབས་འབྲེལ་ཡོད་དཔལ་འབྱོར་དངུལ་རྩའི་ལས་དོན་ལ་གྲོས་བསྡུར་དང་སྤེལ་རེས་བྱ་རྒྱུ། རང་རང་སོ་སོའི་སྲིད་ཇུས་ཀྱི་ཡོ་བྱད་ཁག་སྤྱད་ནས་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།
         ལོའུ་ཅི་ཝུའེ་ཡིས་ད་ཐེངས་ཀྱི་ཚོགས་འདུས་G20ཡི་ཧང་ཀྲོའུ་དབུ་ཚོགས་ཀྱི“གསར་གཏོད་དང་། གསོན་ཤུགས། མཉམ་སྒུལ། ཁོང་ཡངས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་གཏོད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ནོར་སྲིད་དང་དངུལ་རྩའི་ཁྱབ་ཁོངས་སུ་G20ཡི་ཧང་ཀྲོའུ་དབུ་ཚོགས་འཚོག་ཕྱིར་དགོས་ངེས་ཀྱི་གྲ་སྒྲིག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་G20ཡི་ཕྱོགས་ཁག་དང་མཉམ་དུ་G20ཡི་ནོར་སྲིད་དང་དངུལ་རྩའི་ཐབས་ལམ་ལ་ཕྱར་བ་གྲུ་འདེགས་ངང་སྐུལ་འདེད་བཏང་ནས་གྲུབ་འབྲས་ཁག་སྔ་ཙམ་གཏན་འཁེལ་བྱས་ཏེ། ཧང་ཀྲོའུ་དབུ་ཚོགས་གྲུབ་འབྲས་ཐོན་པའི་སྒོ་ནས་གཉེར་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཤུགས་ཆེན་པོ་ཡོང་རྒྱུ་དང་། རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུ། དོ་སྙོམས་འཕར་རྒྱུ་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
         2016ལོའི་G20ནོར་སྲིད་དང་དངུལ་རྩའི་ཐབས་ལམ་ལས་དོན་འཆར་གཞི་གཞིར་བཟུང་འདི་ལོའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུ་ཐེངས་གཉིས་པ་ཟླ་4ཚེས་14དང་15ཉིན་ཨ་རིའི་ཝ་ཧྲེང་ཐོན་དུ་འཚོག་རྒྱུ་རེད།