མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕུ་རག་ལ་ཉི་གཞིས་ཀར་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་གྲོས་མོལ་གནང་བ་རེད།
           ཕྱི་དྲོའི་ཆུ་ཚོད་ལྔ་པར་ཞིས་ཅིན་ཕིང་གྲོང་གསེབ་ཏུ་གནས་པའི་ཙེ་མན་གྱི་བཞུགས་གནས་ལ་ཉི་གཞིས་ཀར་ཕེབས་འབྱོར་ཟིན་སྐབས་ཙེ་མན་གྱིས་རྒྱལ་སྒོའི་མདུན་དུ་ཐུགས་སྣང་གཤིན་པོའི་ངང་སྣེ་ལེན་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་བཞུགས་གནས་ཀྱི་ཐོག་སོ་གཉིས་པའི་ཉི་གཡབ་ཏུ་ཕེབས་ནས་གཞིས་ཀའི་མཛེས་ལྗོངས་ལ་གཟིགས་པ་རེད། ཆར་པ་བབས་རྗེས་ཀྱི་ལ་ཉི་གཞིས་ཀའི་ཕྱོགས་བཞི་མཚམས་བརྒྱད་སྔོ་ཐིང་ངེར་གྱུར་ཡོད་པ་རེད། དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཞིས་ཀའི་ནང་དུ་འཆམ་འཆམ་དུ་ཕེབས་ཀྱིན་གླེང་མོལ་གནང་བ་དང་། གསར་དུ་ཉམས་གསོ་བྱས་མ་ཐག་པའི་ཤེལ་གྱིས་བཏུམས་པའི་མེ་ཏོག་ལྡུམ་རར་གཟིགས་སྐོར་གནང་བ་རེད།
           ཞིས་ཅིན་ཕིང་གིས་ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་བར་ཙེ་མན་གྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞིས་ཅིན་ཕིང་གིས་དེ་ནི་ང་རང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་ཚུན་ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་ལ་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་རྒྱལ་ཁབ་གཉིས་པོའི་དབར་གྱི་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཅེ་ཁེར་འཚམས་འདྲི་བྱེད་ཐེངས་དང་པོ་རེད། ཀྲུང་གོ་དང་ཅེ་ཁེའི་དབར་བར་ཐག་རིང་པོས་ཆོད་ཀྱང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སེམས་པ་གཅིག་ཏུ་སྦྲེལ་བ་དང་བརྩེ་སེམས་ཟབ་མོ་ཡོད། ད་ཐེངས་རྒྱལ་དོན་འཚམས་འདྲི་བྱས་པ་བརྒྱུད་ཁྱེད་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་རྒྱ་ཁྱབ་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ་སྔར་ལས་ལྷག་པའི་ངང་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
            བརྗིད་ཉམས་ལྡན་ལ་གནའ་ཉམས་དོད་པའི་ལ་ཉི་གཞིས་ཀ་དཀར་གསལ་ཟླ་འོད་ཀྱི་འོག་དེ་བས་དབེན་ཞིང་འཇམ་པ་ཞིག་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲོས་མོལ་ཆུ་ཚོད་2ལྷག་ཙམ་གནང་ནས་ཀྲུང་ཕྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60ལྷག་ཙམ་སོང་ཚུན་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ་ང་ཚོ་རྒྱལ་ཁབ་གཉིས་ལའང་དཀའ་ངལ་སྣ་ཚོགས་འཕྲད་ཡོད་མོད། འོན་ཀྱང་མཛའ་གྲོགས་དང་མཉམ་ལས་ནི་སྔ་བར་ཕྱི་གསུམ་དུ་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དེ་ཡིན། ལྷག་པར་དུ་ཉེ་ལམ་ལོ་ཤས་རིང་ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཟབ་ཏུ་ཕྱིན་པ་དང་། དོན་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཕུན་སུམ་ཚོགས་ལ་སྣ་མང་དུ་གྱུར་བ་བཅས་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་གྲུབ་འབྲས་ཐོབ་མང་ཤོས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། 2015ལོར་ཕྱོགས་གཉིས་པོས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་སྲིད་གཞུང་དབར་གྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་ནས་རྨང་གཞི་བཟང་པོ་བཏིང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་སྔ་འཛིན་ཕྱི་གཏོད་ཀྱིས་མཉམ་དུ་ཀྲུང་ཕྱི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། དེ་ཉིད་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས་པ་ང་ཚོར་འགན་འཁྲི་ཡོད་ཅེས་ནན་བཤད་གནང་བ་རེད།
            ཙེ་མན་གྱིས་ཅེ་ཁེ་དང་ངས་ཀྲུང་གོའི་དབར་གྱི་འབྲེལ་བ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཅེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་ཅེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུ་དེ་དམིགས་བསལ་གྱི་ཁ་ཕྱོགས་ཤིག་ཏུ་བརྩི་ཡི་ཡོད། དེང་གི་ཆར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་སྐྱེ་གི་འདུག ཀྲུའུ་ཞི་ཞིས་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཅེ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཡིད་ཆེས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།