མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ཐུང་གཡོད་ ཧན་·ཅི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ཐུང་གཡོད་ཧན་·ཅི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ནེའུ་དབར་ཕྱི་འབྲེལ་བཙུགས་ནས་ལོ་44སོང་བའི་རིང་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་ཕྱོགས་གཉིས་པོའི་དབར་གྱི་མཉམ་ལས་དེ་སྔར་བྱུང་མྱོང་མེད་པའི་རྒྱ་ཆེན་པོ་དང་གཏིང་ཟབ་པའི་ཚད་ཅིག་ཏུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞི་ཚུགས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སྦྲགས་ཕྱོགས་གཉིས་དབར་གྱི་འབྲེལ་བའི་ནང་གི་མཐོ་རིམ་འགྲོ་འོང་གི་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། དེ་བཞིན་ཏང་སྤྱི་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཚོང་དོན་དང་། མ་འཇོག ཚན་ཞིབ། བཟའ་བཅའི་བདེ་འཇགས་སོགས་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཡུན་རིང་བརྟན་ལྷིང་གི་ཞིང་ལས་མཉམ་ལས་རོགས་ཟླའི་འབྲེལ་བ་ཞིག་ཀྱང་འཛུགས་འདོད་ཡོད་པ་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་ནེའུ་ཙི་ལན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་འདོད་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་བརྒྱབ་ནས་སྐྱེ་དངོས་ཐད་ཀྱི་སྨན་དང་སྨན་པ་དང་། ནུས་རྒྱུ་གྲོན་ཆུང་ཐད་ཀྱི་ཁོར་ཡུག་སྲུང་སྐྱོང་། གསར་གཏོད་ཐོན་ལས་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་ཐུན་མོང་ཐོག་གསོ་སྐྱོང་བྱེད་ཆོག་ཅེས་ནན་བཤད་གནང་བ་རེད།
         གཡོད་ཧན་·ཅི་ཡིས་ནེའུ་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་། མིག་སྔར་ནེའུ་ཀྲུང་དབར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅེས་གསུངས་པ་རེད།