མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་སྟེ་བོད་ལྗོངས་བྱ་སྤྱོད་དངོས་སུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་2016ལོའི“ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་སྟེ་བོད་ལྗོངས་བྱ་སྤྱོད”ཞེས་པའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་དང་། བྱེད་སྒོ་དེས“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བོད་དུ་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།
          བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། ཁོར་ཡུག་སྲུང་སྐྱོང་ཐིང་། འགྲིམ་འགྲུལ་ཐིང་། ནགས་ལས་ཐིང་། གསར་འགྱུར་སྨྱན་སྦྱོར་སོགས་སྒྲིག་གཞི་དང་ཚན་པ་ལས་གྲུབ་པའི་བྱེད་སྒོའི་ཚོགས་ཆུང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ལ་བསྐྱོད་དེ་ས་གནས་འདི་གའི་གཙོ་གནད་ཁེ་ལས་དང་། གཙོ་གནད་རྣམ་གྲངས། གཙོ་གནད་བཟོ་ལས་གླིང་བཅས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་འགྲོ་ལུགས་ལག་བསྟར་བྱེད་ཚུལ་དང་། ཨར་རྒྱག་བྱེད་རིང་གི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ། འདམ་ར་སྲུང་སྐྱོང་བྱེད་ཚུལ་སོགས་ཀྱི་ནང་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་བོད་ཀྱི་རིམ་ཁག་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ཐད་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་དང་། བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་སྣོད་བཅུད་སྲུང་སྐྱོང་ཁུལ་དང་། སྦགས་བཙོག་དངོས་པོའི་སྤྱི་འབོར་ཚོད་འཛིན། ཁོར་ཡུག་ལྟ་ཞིབ་ཚད་ལེན། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་སོགས་གཞི་རྩའི་ལམ་ལུགས་ལག་བསྟར་བྱེད་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་མ་ཟད། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།