མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སུན་ཁྲུན་ལན་གྱིས་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་དམངས་གཙོའི་ཏང་ཤོག་གི་ཆབ་སྲིད་
ཐད་ཀྱི་རྩིས་སྤྲོད་རྩིས་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་
བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ནས་18ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། དམངས་གཙོའི་ཏང་ཤོག་ལས་དོན་དང་ཆོས་ལུགས་ལས་དོན་གནས་བབ་གཙོ་གནད་ཐོག་ཡག་པོ་སྒྲུབ་པ། ཏང་མང་མཉམ་ལས་ཀྱི་ཆབ་སྲིད་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དམངས་གཙོ་ཏང་ཤོག་གི་འགན་འཁུར་བ་དང་བཞུགས་མོལ་གནང་སྐབས། སུན་ཁྲུན་ལན་གྱིས་སི་ཁྲོན་ཞིང་ཆེན་གྱི་ཏང་མང་མཉམ་ལས་དང་དམངས་གཙོའི་ཏང་ཤོག་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ་ཐུན་མོང་ངོས་འཛིན་གཅིག་འགྲིལ་དང་། བརྟན་གཏོང་། ཟབ་གཏོང་བྱ་རྒྱུ་བཅས་ནི་ཏང་མང་མཉམ་ལས་ཀྱི་འགྱུར་མེད་ཀྱི་བརྗོད་དོན་ཞིག་ཡིན་ལ་དམངས་གཙོའི་ཏང་ཤོག་རང་ངོས་འཛུགས་སྐྱོང་གི་སྲོག་ཤིང་ལས་འགན་ཞིག་ཀྱང་ཡིན་པས། དམངས་གཙོའི་ཏང་ཤོག་ཁག་གིས་རྩ་འཛུགས་སྐབས་བརྗེ་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཐད་ཀྱི་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱེད་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་དད་སེམས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འགྱུར་བ་དང་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མི་འགྱུར་བ་བྱས་ཁར་ཏང་མང་མཉམ་ལས་ཀྱི་བྱ་གཞག་གི་སྲོལ་རྒྱུན་ནམ་ཡང་འཛིན་རྒྱུའི་ཐུགས་རེ་གནང་ཡོད། སྐབས་བརྗེའི་ལས་དོན་ཁྲོད་ཆབ་སྲིད་ཀྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། སྐབས་བརྗེའི་སྒྲིག་ལམ་ནན་དུ་གཏོང་བ། སློབ་གསོ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་ཧུར་ཐག་གཏོད་དགོས། དེ་དང་ཆབས་ཅིག་ཁོང་གིས་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། བློ་སྟོབས་གཅིག་སྡུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་ཇུས་འདོན་ཚོགས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་བྱ་ཡུལ་དང་མི་དམངས་ཀྱིས་དོ་ཁུར་བྱ་ཡུལ་གྱི་བརྗོད་གཞིར་བརྟག་ཞིབ་གཏིང་ཟབ་བྱེད་པ་བཅས་བྱས་ནས་སྲིད་གླེང་ཇུས་འདོན་གྱི་སྤུས་ཚད་སྔར་བས་ལེགས་སུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་དང་སྲིད་ཇུས་དོན་འཁྱོལ་ཁྲོད་ཀྱི་ཞན་ཆའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་དང་བསམ་འཆར་དང་གྲོས་འགོ་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཐུན་མོང་ཐོག་རྒྱལ་ཁ་ལེན་དགོས་ཞེས་གསུངས་པ་རེད།
         འབྲེལ་ཡོད་ཆོས་ལུགས་གནད་དོན་ཐད་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སུན་ཁྲུན་ལན་གྱིས་ཏང་སྲིད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཆོས་ལུགས་ལས་རིགས་མི་སྣ་བཅས་དབར་བསམ་འཆར་བརྗེ་རེས་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། ཆོས་ལུགས་ཚོགས་པ་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆོས་ལུགས་ལས་རིགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས་ཆོས་ལུགས་ལས་རིགས་ཁག་གིས་རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སེམས་ནུས་དེ་བས་མང་བ་གསུང་རབ་ལ་ཞིབ་འཇུག་སློབ་སྦྱོང་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་བཞག་སྟེ་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་རྒྱལ་གཅེས་ཁྲིམས་སྲུང་དང་། ཁ་དན་ཚིག་གནས། དགེ་སྒྲུབ་སློབ་གསོ་སོགས་ཀྱི་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་དགོས་པ་དང་། རྒྱ་བརྒྱུད་ནང་བསྟན་གྱིས་ཆོས་ལུགས་གོམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་ལས་ཅན་དུ་འགྱུར་བའི་བསླད་སྐྱོན་རང་རྟོགས་ངང་བཀག་འགོག་བྱེད་དགོས་པ་དང་བོད་བརྒྱུད་ནང་བསྟན་གྱིས་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

  
2016-10-19 2016-10-14