མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་
ལས་དོན་བདེ་བླག་ངང་སྤེལ་བཞིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2016ལོའི་ལོ་སྟོད་དུ་འགོ་ཚུགས་པའི་རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་རེས་སྐོར་གསར་པའི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད། ད་བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་29ཡིས་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྔ་རྗེས་སུ་སྤེལ་ནས་ཞིང་ཆེན་དང་། ཆུས། གྲོང་ཁྱེར་བཅས་ཕལ་ཆེ་བས་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་ཟིན་པ་རེད།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་བས། ད་རེས་ཀྱི་རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ནི་རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན་པས། དེའི་ནང་འདེམས་དམངས་དུང་ཕྱུར་9ལྷག་ཞུགས་ནས་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཁྲི་250ལྷག་ཐད་ཀར་བདམས་ཐོན་རྒྱུ་ཡོད། ད་རེས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་ཆེད། ས་ཆ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དྲིལ་བསྒྲགས་ཏན་ཏིག་བཅས་བྱས་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ཡོད།
          འདེམས་བསྐོ་མ་བྱས་གོང་། ད་དུང་ས་ཆ་ཁག་གིས་འདེམས་བསྐོའི་བཅའ་ཁྲིམས་གྱི་བླང་བྱ་ལྟར་འཐུས་མིའི་འོས་མི་དང་འདེམས་དམངས་ངོ་ཐུག་ཡོང་བ་སྒྲིག་འཛུགས་ཧུར་ཐག་བྱས་ནས་འདེམས་དམངས་ལ་གནས་ཚུལ་ཤེས་དབང་ཡོད་པ་བྱས་ཤིང་། ཀོང་ཀྲོའུ་གྲོང་ཁྱེར་ཙེན་ཁྲེང་ཆུས་ཀྱིས་དྲིལ་བསྒྲགས་འགྲེམས་པང་དང་། དྲིལ་བསྒྲགས་ཤོག་བྱང་། གྲོང་གསེབ་ཀྱི་རླུང་འཕྲིན་ཆུང་ངུ་སོགས་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འོས་མིའི་གནས་ཚུལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་སྟབས། འཐུས་མིའི་འོས་མིར་འདེམས་དམངས་ཀྱི་རྒྱུས་མངའ་ལོན་ཆེ་རུ་སོང་ནས་འདེམས་དམངས་ཀྱི་ཁས་ལེན་ཐོབ་ཡོད། ཨན་ཧུའེ་ཞི་ཕན་ཧྥེང་དབྱང་རྫོང་གིས་ཡིག་ཆ་བཀྲམས་ནས་ངོ་འཕྲད་ཚོགས་འདུའི་དུས་ཚོད་དང་། བྱ་རིམ། ནང་དོན་སོགས་གསལ་པོར་བསྟན་པ་དང་། རྫོང་དེ་ཡོངས་ཀྱི་འདེམས་ཁུལ་ཁག་གིས་ཀྱང་བླང་བྱ་ལྟར་ངོ་འཕྲད་བྱེད་སྒོའང་སྤེལ་ཡོད་པ་རེད།
         སྐབས་བརྗེའི་འདེམས་བསྐོའི་ལས་དོན་འགོ་བརྩམས་པ་ནས་བཟུང་། ས་གནས་ཁག་གིས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཁ་གསལ་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྒྲིག་ཁྲིམས་གསལ་བཟོ་དང་། ལྟ་སྐུལ་ནན་ཏུ་བཏང་ནས་སྐབས་བརྗེའི་དར་སྲོལ་གཞུང་དྲང་ཡོང་བ་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་སྐབས་བརྗེའི་དར་སྲོལ་སྐོར་སྐྱོད་ལྟ་ཞིབ་ཚོགས་ཆུང་4བཙུགས་ནས་འདེམས་ཁུལ་16ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་ཅིང་། ཤང་དང་གྲོང་རྡལ། སྲང་ལམ་སོགས་ས་གནས་གཙོ་བོར་ཞིབ་བཤེར་བྱས་ནས་རིམ་བགོས་གླིང་དབྱེ་དང་རིམ་པས་སྐུལ་འདེད་ཀྱི་ལྟ་སྐུལ་ཞིབ་བཤེར་དྲ་བ་ཞིག་ཆགས་པ་བྱས་ནས་ལྟ་སྐུལ་ནུས་པ་ཆེ་རུ་བཏང་ཡོད།