མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2020ལོར་སླེབས་སྐབས་ཡུན་ནན་གྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་ཡོང་འབབ་
བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཉིན་ཤས་གོང་པར་འགྲེམས་བྱས་པའི་《ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་(2016-2020ལོ་བར་)》ནང“ཡུལ་སྐོར་དང་རིག་གནས་+”ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་2020ལོར་སླེབས་སྐབས་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་དང་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3200ཟིན་པ་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་15%ཟིན་པ་དགོས་ལུགས་བཏོན་ཡོད།
          འཆར་འགོད་ནང་བཏོན་དོན། མིག་སྔར་རང་རྒྱལ་འདི་ཉིད་ཡུལ་སྐོར་དང་རིག་གནས་ཕྱོགས་བསྒྱུར་རིམ་སྤོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས་ཡུལ་སྐོར་དང་རིག་གནས་ཀྱི་འཛད་སྤྱོད་ནུས་པ་མུ་མཐུད་ཆེ་རུ་འགྲོ་རྒྱུ་རེད། ཡུན་ནན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་ས་གཤིས་ཀྱི་ཁྱད་ཆོས་དང་། ས་ངོས་ཆགས་ཚུལ། སྣོད་བཅུད་ཁོར་ཡུག མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་བཅས་ལ་བརྟེན་ནས་ཡུན་ནན་གྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་ཡོད།
         ཡུན་ནན་ཞིང་ཆེན་གྱིས་ལྟ་སྐོར་སྤྲོ་གསེང་དང་། ངལ་གསོ་སྤྲོ་སྐྱིད། བདེ་ཐང་ལུས་གསོ། ཁྱད་ལྡན་རོལ་རྩེད། ཚོང་དོན་འགྲེམས་ཚོགས། ཐོན་ཟོག་ཉོ་བ། བཟའ་བཏུང་ཞག་སྡོད་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བདུན་སྟོབས་ཆེར་བཏང་ནས་རྩེར་སོན་གྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་མ་ལག་བསྐྲུན་ཏེ་ཕྱོགས་ཡོངས་ནས་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་འགུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུ་རེད།
         འཆར་འགོད་ལ་གཞིགས་ན། 2020ལོར་སླེབས་སྐབས་ཡུན་ནན་ཞིང་ཆེན་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་བསྡོམས་འབོར་མི་ཐེངས་དུང་ཕྱུར་6ལས་བརྒལ་བ་དང་། ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་བྱ་རྒྱུ་ཡིན་པས། དེ་ལོར་ཆ་སྙོམས་13%དང་19%སོ་སོར་འཕར་རྒྱུ་དང་། ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3200ཟིན་པ་བྱ་རྒྱུ། ཡུལ་སྐོར་དང་རིག་གནས་ཐོན་ལས་ལ་བརྟེན་ནས་མི་གྲངས་ཁྲི་1000ཡན་ལས་ཀར་ཞུགས་ཐུབ་རྒྱུར་དངོས་ཤུགས་ཅི་རིགས་ནས་སྣེ་ཁྲིད་ཐུབ་པ་བྱ་རྒྱུ་བཅས་རེད།
         ཡུན་ནན་ཞིང་ཆེན་གྱིས་ད་དུང་རྨང་གཞི་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་21གསར་སྐྲུན་དང་། མཐུད་སྐྲུན། གནས་སྤོ་འཛུགས་སྐྲུན། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱ་རྒྱུ་དང་། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་100དང་། ཡུལ་སྐོར་བའི་བསྟི་གནས་200 སྒེར་འཁོར་དང་། རླངས་འཁོར་དང་ཁང་པ་སྦྲགས་མའི་སྒར་རྒྱག་ས་ཚིགས་500 ཡུལ་སྐོར་གྱི་རླངས་འཁོར་འཇོག་ས་500དང་དེ་བཞིན་འགོག་རྐྱེན་མེད་པའི་ཡུལ་སྐོར་གྱི་སྒྲིག་བཀོད་ཁག་གཅིག་རིམ་སྤོར་གསར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ་རེད།
          “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུན་ནན་ཞིང་ཆེན་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས་བསྡོམས་འབོར་དེ་2010ལོའི་མི་ཐེངས་དུང་ཕྱུར་1.41ནས་2015ལོའི་མི་ཐེངས་དུང་ཕྱུར་3.29བར་མང་དུ་སོང་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1006.83ནས་སྒོར་དུང་ཕྱུར་3281.79བར་མང་དུ་ཕྱིན་ཡོད་པ་རེད།