མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་
ཁྱོན་ཡོངས་ལ་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          ——2016ལོར་ལམ་ལུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྒྲིག་བྱས་ཏེ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ།
          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའོ་ཡུས་ཧྥན་དང་ཅང་ཤའོ།
           2016ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་ཐོག་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་གཏན་འཁེལ་བཟོ་བཅོས་དང་། སྐོར་གཟིགས་ལས་དོན་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རྩ་བཅོས་གཙོ་བོར་བཟུང་རྒྱུ་དེ་རྩ་ལག་མཉམ་བཅོས་ཀྱི་ཕྱོགས་སུ་འགྱུར་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས། འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
          ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འཁེལ་དང་བཟོ་བཅོས་བརྒྱབ་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
          མི་རིང་བའི་གོང་། ཀུན་གྱིས་དོ་སྣང་བྱེད་པའི“2016ལོར་དར་ཁྱབ་ཆེ་བའི་བརྡ་ཆད་དང་ཡིག་འབྲུའི་ནང“སྒྲིག་ཁྲིམས”ཞེས་པའི་བརྡ་ཆད་དེ་ལོ་འཁོར་དེར་ཐོན་མང་བའི་བརྡ་ཆད་དུ་གྱུར་ཡོད། 2016ལོར་དར་ཁྱབ་ཆེ་བའི་ཡི་གེ“སྒྲིག་ཁྲིམས”ཞེས་པ་དེ་དང་2015ལོར་དར་ཁྱབ་ཆེ་བའི“སྤྱོད་གཙང”ཞེས་པའི་བརྡ་ཆད་དེ་ཐོག་ནས་དྭངས་གཙང་གི་ཆབ་སྲིད་འཛུགས་སྐྱོང་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ཡོ་བསྲང་ཐུབ་རེའི་སྤྱི་དམངས་ཀྱི་རེ་སྒུག་དེ་མཚོན་ཡོད།
         “སྒྲིག་ཁྲིམས་ཡོད་ན། སྲོལ་ཆགས”2016ལོར《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་སྐུལ་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་བཏང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ལྷག་པར་དུ་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་སླར་ཡང་བཟོ་བཅོས་བརྒྱབ་ནས་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་ཆེད། རྩེ་རིམ་ཇུས་འགོད་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུར་རྩ་བའི་བསྟུན་ས་མཁོ་འདོན་བྱས་ཡོད།
          རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབང་ཡུས་ཁའེ་ཡིས་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ལ་སླར་ཡང་བཟོ་བཅོས་བརྒྱབ་པས་གཙོས། དེ་གོང་ཁྱབ་བསྒྲགས་བྱས་པའི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་དང་། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག འགན་འཁྲི་བདའ་འདེད་སྲོལ་ཡིག་སོགས་ཁྲིམས་སྲོལ་གྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པའི་ངོས་འཛིན་བྱས།
          《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ནང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མིག་སྔའི་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ལྟ་སྐུལ་གྱི་གཙོ་གནད་གནད་ལ་མི་འཁེལ་བའི་གནད་དོན་ལ་དམིགས་ནས། ལས་ཀའི་གཙོ་གནད་དེ་ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་བཞག་པ་དང “འགག་རྩའི་ཉུང་ཤས”མངོན་པ་བྱས་ཏེ་འགོ་ཁྲིད་གཙོ་བོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ལམ་ལུགས་ཇུས་འགོད་བྱེད་པའི་ཐད་གཙོ་གནད་འཁྱོག་པའི་གནད་དོན་ལ་དམིགས་ནས། གོང་ནས་འོག་བར་གྱི་རྩ་འཛུགས་ལྟ་སྐུལ་ལ་ཤུགས་སྣོན་དང་འོག་གིས་གོང་ལ་དམངས་གཙོའི་ལྟ་སྐུལ་བྱ་རྒྱུ་ལེགས་བཅོས་བྱས་ཏེ་རིམ་མཚུངས་དབར་ཕན་ཚུན་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ། ལྟ་སྐུལ་གྱི་འགན་འཁྲི་གསལ་པོ་མེད་པའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་གཙོ་གནད་ནན་བཤད་བྱས་ཏེ་བརྗོད་དོན་མི་འདྲ་བར་གཞིགས་ནས་ཞིབ་ཕྲའི་ལམ་ལུགས་གཏན་འབེབས་བྱས་ནས་འགན་འཁྲི་དང་། ལམ་ལུགས། བྱེད་ཐབས་བཅས་གཅིག་གྱུར་བཟོ་ཡོད།
          《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ཁྱབ་བསྒྲགས་བྱས་རྗེས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་བ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་པ། ལྟ་སྐུལ་གྱི་རང་འགུལ་རང་བཞིན་དང་ལྟ་སྐུལ་དང་ལེན་བྱེད་པའི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ་བཅས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་ཀྱི་ལེགས་ཆ་རིམ་གྱིས་མངོན་ཡོད།
         ཆབ་སྲིད་སྐོར་གཟིགས་ལས་དོན་ཟབ་ཏུ་ཕྱིན་པ་དང་སྤུ་གྲིའི་ནུས་པ་སྔར་བས་མངོན་པ།
         ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལག་ལེན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།
          སྐོར་གཟིགས་ནི་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་གལ་ཆེན་ཞིག་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་སྤུ་གྲི་ཞིག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཐབས་ཤིག་བཅས་ཡིན། ལམ་ལུགས་ཀྱི་རླུང་ཙེ་དམ་དུ་བཏང་ནས“དམར་ཐིག”དང“མཐའ་ཚད”གཏན་འཁེལ་བྱས་པ་དང་ཆབས་ཅིག་སྐོར་གཟིགས་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དེ་ཡང་འདས་ཟིན་པའི་ལོ་དེའི་ནང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་གྱི་གྲས་ཤིག་ཡིན།
          2016ལོར་ཀྲུང་དབྱང་སྐོར་གཟིགས་ལས་དོན་དེ་མཐའ་འཁྱོངས་ཁྲོད་ཟབ་ཏུ་ཕྱིན་པ་དང་། གཏིང་ཟབ་ཁྲོད་མཐའ་འཁྱོངས་བྱུང་སྟེ་ཆབ་སྲིད་ཀྱི་མཐོ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་ཕྱིན་པར་བརྟེན། ལས་ཀའི་མྱུར་ཚད་མགྱོགས་སུ་དང་། ལས་དོན་ལ་ཤུགས་སྣོན། ཕན་འབྲས་མངོན་གསལ་བཅས་བྱུང་ཡོད། མིག་སྔའི་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་གིས་རེས་སྐོར་སྐོར་གཟིགས་ལས་དོན་ཐེངས་བཅུ་གཅིག་སྤེལ་བ་དེ་ཏང་རྩ་འཛུགས་240ལྷག་ཙམ་ལ་ཁྱབ་ནས་ཁྱོན་ཡོངས་ལ་ཁྱབ་ཚད་90%ཟིན་ཡོད།
         —ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བཀག་རྒྱ་ཁུལ་དང་དམིགས་བསལ་མེད་པ།
         2016ལོར་རེས་སྐོར་དགུ་པ་དང་། རེས་སྐོར་བཅུ་པ། རེས་སྐོར་བཅུ་གཅིག་པ་བཅས་ཀྱི་ཀྲུང་དབྱང་གི་སྐོར་གཟིགས་དེ་ཚན་པ་91གི་ཏང་རྩ་འཛུགས་ལ་ཁྱབ་པ་དེས་སྤྱི་ཡོངས་ལ་ཁྱབ་རྒྱུའི་ལས་འགན་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཟིན་ཡོད། མུ་མཐུད་དེ་ས་གནས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་དང་ཀྲུང་དབྱང་དངུལ་རྩའི་ཚན་པར་ཁྱབ་རྒྱུ་ལེགས་གྲུབ་ཟིན་རྗེས། འདི་ལོ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་ཁྱབ་རྒྱུ་ལེགས་འགྲུབ་ཡོང་རྒྱུ་ཡིན་པ་དེ་ཐོག་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བཀག་རྒྱ་ཁུལ་དང་དམིགས་བསལ་མེད་པའི་ལངས་ཕྱོགས་ཁ་གསལ་དང་ཆོད་སེམས་བརྟན་པོ་མངོན་ཡོད།
         — ཀྲུང་དབྱང་སྐོར་གཟིགས་ཀྱིས་སྔོན་ལ“ཕྱིར་མིག”བལྟས་པ་དང་སྐོར་གཟིགས་ལམ་ལུགས་ལ་གསར་གཏོད་ཀྱི་རྣམ་པ་མངོན་པ།
         2016ལོར་ཀྲུང་དབྱང་སྐོར་གཟིགས་ཀྱིས་པེ་ཅིང་དང་། ཐེན་ཅིན། ཁྲུང་ཆིང་། ལེའོ་ཉིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་གཉིས་ལ་ལས་དོན་སྤེལ་ནས་ཧོང་ཤིན་གོ་དང་། དབང་མིན། དབྱང་ལུའུ་ཡུས། དབྱང་ཀྲེན་ཁྲའོ་སོགས་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གནས་དབྱུང་བཏང་བར་བརྟེན་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་བའི་ཁར་ཟིལ་ཤུགས་ཀྱི་ཕན་འབྲས་ཆེ་རུ་དང་རྒྱུན་བསྲིང་ཐུབ་པ་བྱུང་ཡོད། “ཕྱིར་མིག་བལྟ་བའི”ལས་དོན་ཁྲོད་སྐབས་བརྗེའི་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས་ལེའོ་ཉིང་དུ་འདེམས་ཤོག་བསླུ་ཉོ་དང་ལྐོག་རྔན་སྤྲད་ནས་འདེམས་པའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པར་བརྟེན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཞིབ་བཤེར་ཐག་གཅོད་བྱུང་བའི་ཞིང་ཆེན་རིམ་པའི་ནང་ཐོན་པའི་འདེམས་བསྐོའི་ལམ་ལུགས་ལ་གཏོར་བཤིག་གཏོང་བའི་གྱོད་གཞི་ཆེ་གྲས་སུ་གྱུར་ཡོད།
         — སྐོར་གཟིགས་གྲུབ་འབྲས་ཡག་པོ་སྤྱད་ནས་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་བ།
         2016ལོར་ཀྲུང་དབྱང་སྐོར་གཟིགས་སྒྲིག་གཞིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ལ་སྐོར་གཟིགས་གནས་ཚུལ་ཐེངས་24ཞུས་པ་དང་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་གཞུང་དོན་ཁང་ལ་ཆེད་དོན་སྙན་ཞུ་35ཕུལ་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་གནད་དོན་ཕྱོགས་་སྟོན་དུ་འཛིན་རྒྱུ་དཔྱད་གཞི་མཁོ་འདོན་བྱས་ཡོད།
         ལན་འདེབས་བསམ་འཆར་གཞིར་བཟུང་། ཧུའུ་ནན་ཞིང་ཨུད་ཀྱིས་རུལ་སུངས་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། སྒྱུར་འཕེལ་ཨུ་ལྷན་གྱི་ཏང་ཙུའུ་ཡི་སྲིད་འཛིན་ཞིབ་མཆན་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་བ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་102ལ་སྒྲིག་སྲོལ་བཟོ་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་བ། ཏང་འཛུགས་ལས་དོན་ཀུང་སིའི་སྒྲིག་ཡིག་ནང་བཞག་པ་བཅས་བྱས་པར་བརྟེན་སྐོར་གཟིགས་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཚན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་པ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་ནན་ཏན་ཐེབས་ཡོད།
         རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་རང་ངོས་ལྟ་སྐུལ་འཐུས་སྒོ་ཚང་དུ་སོང་བ།
         2016ལོའི་ཟླ་11ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《པེ་ཅིང་གྲོང་ཁྱེར་དང་། ཧྲན་ཤིས་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་སུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་3དུ་རིམ་ཁག་ལྟ་ཞིབ་ཨུ་ལྷན་བཙུགས་ནས་སྒྲིག་སྲོལ་ལམ་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་ལག་ལེན་འཚོལ་ཞིབ་བྱས་ཏེ་རྒྱལ་ཡོངས་ལ་ཁྱབ་དགལ་གཏོང་རྒྱུར་ཉམས་མྱོང་བསགས་ཤིང་། ཟླ་12ཚེས་25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་པེ་ཅིང་གྲོང་ཁྱེར་དང་། ཧྲན་ཤིས་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་སུ་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཚོད་ལྟའི་ལས་དོན་དང་འབྲེལ་བའི་ཆེས་གཙོ་བོ་དང་ཆེས་རྨང་གཞིའི་ལམ་ལུགས་གཏན་འབེབས་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོད་ལྟའི་ལས་དོན་ཐད་འབྲེལ་ཡོད་གཏན་འབེབས་བྱས་རྗེས། ཚོད་ལྟའི་ས་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རུལ་རྒོལ་སོགས་སྡེ་ཚན་གྱི་ཁོངས་གཏོགས་སྒྱུར་འགོ་ཚུགས་ཡོད།
          རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྐོར་གྱི་གནས་ཚུལ་ཕྱིར་ཁྱབ་བསྒྲགས་བྱས་པ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་འཆམ་བྱས་པའི་གཏན་འབེབས་བར། “ཆབ་སྲིད་སྒྱུར་བཅོས་གལ་ཆེན”ཡིན་པའི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་དེར་གླེང་ཕྱོགས་ཀྱི་དོ་ཁུར་ཧ་ཅང་ཆེན་པོ་ཐོབ་ཡོད།
          རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་སྒྱུར་བཅོས་གལ་ཆེན་ཞིག་ཡིན་ཞིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་གལ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད།
           རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ནི། རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་ཀྱི་རྩེ་རིམ་ཇུས་འགོད་ཅིག་ཡིན། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི། ཏང་གི་གཅིག་གྱུར་འགོ་ཁྲིད་འོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་བཙུགས་ཏེ་ལག་བསྟར་སྒྲིག་འཛུགས་དང་ལམ་ལུགས་གསར་གཏོད་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ། ལྟ་ཞིབ་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ལྟ་ཞིབ་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་གཞུང་དབང་སྒྲུབ་མཁན་གཞུང་ཞབས་མི་སྣར་ཕྱོགས་ཡོངས་ནས་ལྟ་ཞིབ་ཐུབ་པ་བྱ་རྒྱུ་དེ་ཡིན།
          ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བས་རུལ་སུངས་ནི་ཏང་དང་རྒྱལ་ཁབ་ལ་གནོད་འཚེ་གཏོང་མཁན་གྱི་འབྲས་སྐྲན་ལྟ་བུ་ཡིན་པ་དང་རུལ་རྒོལ་འཐབ་རྩོད་དེ་ཏང་དང་རྒྱལ་ཁབ་ཀྱི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། གོམ་སྟབས་རྗེས་མར་ཀྲུང་དབྱང་སྒྲིག་ཨུད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་དང་མཉམ་དུ་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས་དེ་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་ཞིབ་འཇུག་བྱ་རྒྱུ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།