མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལོ་5ཚན་13”རིང་གི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་རྩ་འཛིན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ——རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར་གྱིས་《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》སྐོར་གླེང་གནང་བ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་《འཆར་འགོད་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྤྱིའི་བླང་བྱ་དང་། ལས་འགན་གཙོ་བོ། བྱེད་ཐབས་འགངས་ཆེན་བཅས་གསལ་པོ་བཏོན་ཡོད། དེའི་ཐད་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཏང་ཙུའི་ཧྲུའུ་ཅི་པ་ཐེར་གྱིས་《འཆར་འགོད་》ཀྱི་འབྲེལ་ཡོད་གནས་ཚུལ་ཐད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད།
         མཐའ་དར་དམངས་ཕྱུག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
         བྱང་ཤར་རྒྱུད་ཀྱི་ཡ་ལུའུ་གཙང་པོ་ནས་ལྷོ་ནུབ་བྱང་རྒྱུད་ཀྱི་མཚོ་ཁུག་བར་རང་རྒྱལ་གྱི་སྐམ་སའི་མཐའ་མཚམས་དང་རྒྱལ་ཁབ་14སྦྲེལ་བ་དང་སྐམ་སའི་མཐའ་མཚམས་ཀྱི་ལམ་ཐིག་སྤྱི་ལེ་ཁྲི་2.2ཡོད་པ་དེའི་ནང་མི་རིགས་ས་ཁུལ་དུ་སྤྱི་ལེ་ཁྲི་1.9གནས་ཡོད། ལམ་ཐིག་དེའི་ནང་ནང་སོག་དང་། ལེའོ་ཉིང་། ཅིས་ལིན། ཧེ་ལུང་ཅང་། ཀོང་ཤིས། ཡུན་ནན། བོད་ལྗོངས། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་སྐམ་སའི་མཐའ་མཚམས་རྫོང་(ཆི་དང་། གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཁུལ)140ཡོད་པ་མ་ཟད་ད་དུང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མཐའ་མཚམས་ཐོན་དང་ཞིང་ར་58ཡོད། སྤྱི་ལེ་ངོས་གྲུ་ཁྲི་197ཡོད་པའི་རྒྱལ་ཁབ་ཀྱི་ས་ཆ་འདིའི་སྟེང་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཁྲི་2300ལྷག་ཙམ་འཚོ་བ་སྐྱེལ་བ་དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཕྱེད་ཀ་ཙམ་ཡོད་པ་དང་མི་རིགས་30ལྷག་ཙམ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་མི་རིགས་གཅིག་པ་དང་ཁྱིམ་མཚེས་ངང་གནས་ཡོད། མཐའ་མཚམས་ས་ཁུལ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་གཡུལ་ས་མདུན་མ་ཡིན་པ་དང་དེ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཟུགས་བརྙན་མཚོན་པའི་སྐར་ཁུང་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་པའི་སྲུང་ཡོལ་གལ་ཆེན་ཡིན་པས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། དེས་ན་ལོ་རྒྱུས་དང་ས་ཁམས་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལས་སྔ་ཕྱི་བར་གསུམ་དུ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་སུ་ལུས་ཡོད།
         པ་ཐེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། 1999ལོར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་ལེན་བསྟར་རྒྱུའི་འཐབ་ཇུས་ཇུས་གཞི་བཏོན་པ་དང་། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག མཐའ་དར་དམངས་ཕྱུག་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་པར་དུ་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གཅིག་པ”དང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་པ་བརྒྱུད། མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མཐའ་མཚམས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། མི་རིགས་མཐུན་སྒྲིལ་དང་མཐའ་སྲུང་སྲ་བརྟན་གྱི་ཕན་འབྲས་མངོན་གསལ་དོད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་མཐའ་མཚམས་ས་ཁུལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
          མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པ།
          པ་ཐེར་གྱིས་བསྟན་དོན། རང་རྒྱལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་སུ་སླེབས་པ་དང་སྦྲགས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཟམ་མི་ཆད་པར་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྱོན་ཡོངས་ནས་སྤེལ་བ། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རང་རྒྱལ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུ་དུས་མཚམས་གསར་པར་སླེབས་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཐོབ་དཀའ་བའི་གོ་སྐབས་འཕྲད་པ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(ཀྲུང་སྤེལ་〔2014〕ཡིག་ཨང་9པ)ནང་གི་བཀོད་སྒྲིག་དང་། དེ་བཞིན་《འཆར་འགོད་》བཟོ་རྒྱུའི་སྐོར་གྱི་ཙུང་ལི་ལི་ཁེ་ཆང་སོགས་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དགོངས་པ་གཞིར་བཟུང་། 2014ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་《འཆར་འགོད་》བཟོ་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་སྦྲགས། འབྲེལ་ཡོད་ལས་དོན་སྤེལ་འགོ་ཚུགས་པ་རེད། མཐའ་མཚམས་ས་ཁུལ་དུ་བསྐྱོད་དེ་ཆེད་དོན་བརྟག་ཞིབ་བྱས་པ་དང་ས་གནས་ཏང་ཨུད་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། གཞི་རིམ་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་བརྒྱུད། འབྲེལ་ཡོད་སྡེ་ཚན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཐུན་སྦྱོར་བྱས་ཏེ་《འཆར་འགོད་》ནང་འཇུག་རྒྱུའི་ལས་གྲྭ་འགངས་ཆེན་དང་། རྣམ་གྲངས་། སྲིད་ཇུས་བཅས་ཞིབ་འཇུག་བྱས་ཤིང་། ཞིབ་འཇུག་དང་བཟོ་བཅོས་ཐེངས་མང་བརྒྱབ་པ་བརྒྱུད། 《འཆར་འགོད་》ཀྱི་བསམ་འཆར་བསྡུ་ལེན་ཟིན་བྲིས་གྲུབ་ཡོད། དེ་རྗེས་འབྲེལ་ཡོད་སྡེ་ཚན་36དང་དེ་བཞིན་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་བསམ་འཆར་སྔར་བས་བསྡུ་ལེན་བྱས་པ་དང་འབྲེལ། རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱས་པ་རེད། ཡིག་ཆ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་འབུལ་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སླར་ཡང་འབྲེལ་ཡོད་སྡེ་ཚན་79ལ་བསྐྱར་བཤེར་བྱ་རྒྱུར་བསྐྱལ་བ་རེད།
          ལས་ཀའི་དོན་དངོས་དང་འཚམ་པ་དང་མཐའ་མཚམས་ཀྱི་ཁྱད་ཆོས་མངོན་པ།
          པ་ཐེར་གྱིས་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པའི《འཆར་འགོད》ཀྱི་མཛུབ་ཁྲིད་དགོངས་དོན་ཁ་གསལ་བ་དང་། སྤྱིའི་བསམ་ཕྱོགས་གསལ་བ། གཙོ་གནད་ལས་འགན་མངོན་གསལ་དོད་པ། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཡོད་པས་མཐའ་མཚམས་ས་ཁུལ་དང་མི་རིགས་ལས་ཀའི་དོན་དངོས་དང་འཚམ་པ་དང་མཐའ་མཚམས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པའི་ངོས་འཛིན་གནང་བ་རེད།
          གཅིག་ནས་དམིགས་གཏན་འཁེལ་བའི་རོགས་སྐྱོར་བྱ་ཡུལ་ཏེ—མཐའ་མཚམས་ས་ཁུལ་དང་མཐའ་མཚམས་མི་དམངས་ལས་མངོན་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་ལྔ་ཆ་གཅིག་ཙམ་མཐའ་མཚམས་ས་ཁུལ་གྱིས་བཟུང་ཡོད་པས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་གནས་བབ་གལ་ཆེན་བཟུང་བ་སྨོས་མི་དགོས་པ་ཞིག་རེད། དེས་ན་མཐའ་མཚམས་མི་དམངས་ནི་ས་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། མཐའ་མཚམས་ས་ཁུལ་དང་མཐའ་མཚམས་མི་དམངས་ཀྱི་འཆར་འགོད་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། གཉིས་ནས་དམིགས་གཏན་འཁེལ་བའི་དམིགས་ཡུལ་ཏེ—དམངས་ཕྱུག་དང་། མཐའ་དར། རྒྱལ་ཁབ་སྟོབས་ལྡན། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན་ཡོང་བ་བྱེད་པ་བཅས་ལས་མངོན་ཡོད། 《འཆར་འགོད་》ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་ཉེ་བ་དང་སེམས་པ་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ཐུན་མོང་གི་དམིགས་ཚད་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དར་རྒྱས་བརྟན་ལྷིང་དང་ཞི་མཐུན་གྱི་མཐའ་མཚམས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་བཏང་ནས་མཐའ་མཚམས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་འགན་ལེན་བྱེད་དགོས། གསུམ་ནས་དམིགས་གཏན་འཁེལ་བའི་ལས་འགན་ཏེ—རྩ་སྲ་མཐའ་བརྟན་བྱེད་པ་དང་། དམངས་འཚོར་བརྟེན་ནས་མཐའ་མཚམས་བདེ་འཇགས་ཡོང་བར་བྱེད་པ། ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བ། སྒོ་དབྱེ་ནས་མཐའ་མཚམས་འཆམ་མཐུན་ཡོང་བ་བྱེད་པ། སྣོད་བཅུད་ལ་བརྟེན་ནས་མཐའ་མཚམས་སྲུང་བ། མཐུན་སྒྲིལ་ལ་བརྟེན་ནས་མཐའ་མཚམས་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ལས་མངོན་ཡོད། 《འཆར་འགོད་》ནང་མཐའ་མཚམས་ས་ཁུལ་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་གཙོ་བོར་དམིགས་ནས་གཞི་རྩ་སྲུང་བ་དང་ཞན་ཆ་གསབ་རྒྱུ་གཙོ་གནད་དུ་བྱས་ཏེ་མཐའ་མཚམས་ལ་དམིགས་ནས་འཆར་འགོད་བཀོད་སྒྲིག་གིས་ལས་འགན་ཆེན་པོ་དྲུག་བཏོན་པ་དེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཕྱོགས་མང་པོ་དང་འབྲེལ་བ་ཡོད། དེ་དང་ཆབས་ཅིག ལས་གྲྭ་ཆེན་པོ་དྲུག་དང་ཡན་ལག་ལས་གྲྭ་34རྟ་སྒ་ཆ་འགྲིག་བྱས་ཡོད། བཞི་ནས་དམིགས་བསལ་གྱི་སྲིད་ཇུས་བྱེད་ཐབས་ཏེ—ཧེ་བག་ཅན་གྱི་ས་ཁོངས་སྲིད་ཇུས་ལས་མངོན་ཡོད། 《འཆར་འགོད་》ནང་མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་གནས་ཚུལ་དང་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་མཐའ་མཚམས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། རིགས་ཁག་གི་ཤེས་ལྡན་མི་སྣ་སེམས་གནས་ཐུབ་པ་དང་བློ་ཡིད་འགུགས་ཐུབ་པ། དེ་བཞིན་ནོར་སྲིད་དང་། དངུལ་རྩ། ས་ཆ། མཐའ་མཚམས་ཚོང་དོན། སྤྱི་ཚོགས་འགན་ལེན། སྣོད་བཅུད་ཁ་གསབ་སོགས་ཀྱི་ཐད་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་མ་ལག་རང་བཞིན་དང་། དམིགས་སའི་རང་བཞིན། ཆེད་དོན་གྱི་ཁྱད་ཆོས་བཅས་མངོན་ཡོད།
          པ་ཐེར་གྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་བསྟར་བ་ནི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་དང་། དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག དམངས་སེམས་ཐོབ་པ་དང་དམངས་ཀྱི་འདོད་བློ་སྐོང་བའི་ཕན་སྦྱར་ལས་གཞི་ཞིག་བཅས་ཡིན། མིག་སྔར། 《འཆར་འགོད་》བཏོན་ཟིན་པས་དེ་རྗེས་ཀྱི་ལས་དོན་ནི་གཙོ་བོ་དོན་འཁྱོལ་ལ་ཐུག་ཡོད། མཐའ་མཚམས་ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ། ཞིབ་བཤེར་ལ་ལྟ་སྐུལ་བཅས་བྱས་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་མཐའ་མཚམས་ས་ཁུལ་དེ་བས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“དམངས་ཕྱུག་དང་། མཐའ་དར། རྒྱལ་ཁབ་སྟོབས་ལྡན། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན”བཅས་མངོན་འགྱུར་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།