མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་
ཚན་བཅུ་གསུམ་པའི”འཆར་འགོད་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་ཐད་རྒྱབ་སྐྱོར་བྱ་རྒྱུ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།
            《འཆར་འགོད་》ནང་དུ་བསྟན་དོན། མཐའ་མཚམས་ས་ཁུལ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་མདུན་སར་གནས་པས། དེ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་པའི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་གནས་བབ་གལ་ཆེན་བཟུང་ཡོད། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གྱི་མཐའ་སྲུང་བརྟན་དུ་གཏོང་བ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ། ཀྲུང་ཕྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་ཤུགས་སྣོན་རྒྱག་པ་བཅས་ལ་མཚོན་ན། མཐའ་དར་དམངས་ཕྱུག་བྱ་སྤྱོད་སྤེལ་བ་ནི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། རང་རྒྱལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་སུ་སླེབས་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་མགྱོགས་སུ་བཏང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྱོན་ཡོངས་ནས་སྤེལ་བ། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། རང་རྒྱལ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་བཅས་དང་བསྟུན་ནས། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཐོབ་པར་དཀའ་པའི་གོ་སྐབས་ཡག་པོ་འཕྲད་ཡོད།
           《འཆར་འགོད་》ནང་དུ་བསྟན་དོན། “མཐའ་མཚམས་མང་ཚོགས་རྩ་བར་བཟུང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་གཙོ་གནད་འབུར་དུ་ཐོན་པར་བྱ་རྒྱུ། སྒྱུར་བཅོས་གསར་གཏོད་བྱས་ནས་མཐའ་མཚམས་ས་ཁུལ་ལ་གསོན་ཤུགས་རྒྱས་པ་དང་དེའི་མང་ཚོགས་རྣམས་ཕྱུག་པོ་ཆགས་པ་བྱ་རྒྱུ། དམག་དམངས་མཉམ་འདྲེས་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ། མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་མཐའ་མཚམས་བརྟན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བ་བྱ་རྒྱུ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། 2020ལོར་སླེབས་སྐབས་མཐའ་མཚམས་ས་ཁུལ་དུ་ཡང་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ནས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་གིས་འཕེལ་རྒྱས་ལ་ཞབས་འདེགས་དང་མཐའ་སྲུང་འགན་ལེན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་། དམངས་འཚོ་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མཐའ་མཚམས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྡོད་མཐའ་སྲུང་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཅུང་མགྱོགས་པོ་བཏང་ནས། མང་ཚོགས་མཐའ་མཚམས་སུ་གཞིས་ཆགས་ཏེ་ཕྱུག་འགྱུར་བྱ་རྒྱུར་འདེགས་སྐྱོར་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་པའི་ནང་གཏིང་ཟབ་ཞུགས་ནས་མཐའ་མཚམས་རྒྱུད་ཀྱི་གསར་སྤེལ་སྒོ་དབྱེའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་སྤྱི་ཚོགས་དང་སྣོད་བཅུད་ཁོར་ཡུག་གཉིས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་ཞི་མཐུན་རྣམ་པ་སྔར་བས་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་རེད།
           《འཆར་འགོད་》ནང་དུ། མཐའ་མཚམས་ས་ཁུལ་གྱི་དངོས་ཡོད་ལ་དམིགས་ནས་ཕྱོགས་དྲུག་ཐད་ཀྱི་ལས་འགན་གཙོ་བོ་བཏོན་ཡོད་དེ། གཅིག་ནས་རྨང་བརྟན་མཐའ་བརྟན་ལ་དམིགས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ནང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་། ཆུ་བེད་དང་་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད། ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་སོགས་ཚུད་ཡོད། གཉིས་ནས་དམངས་འཚོར་བརྟེན་ནས་མཐའ་མཚམས་བདེ་འཇགས་ཡོང་རྒྱུར་དམིགས་ནས་མཐའ་མཚམས་ས་ཁུལ་གྱི་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ལེགས་སུ་བཏང་སྟེ། མཐའ་མཚམས་ཀྱི་མི་འབོར་དབུལ་པོ་མཐའ་གནས་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གནད་དུ་འཁེལ་བ་དང་མཐའ་མཚམས་མང་ཚོགས་ཀྱི་གནས་སྡོད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུ་སོགས། གསུམ་ནས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་རྒྱུར་དམིགས་ཏེ་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་སྟེ། ཁྱད་ལྡན་ལེགས་ལྡན་ཞིང་ལས་དང་། ཁྱད་ལྡན་ལས་སྣོན་བཟོ་སྐྲུན་ལས་རིགས། ཁྱད་ལྡན་ཞབས་ཞུ་ལས་རིགས་བཅས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བཞི་ནས་ཕྱི་ཕྱོགས་སྒོ་དབྱེ་དང་ཁྱིམ་མཚེས་འཆམ་མཐུན་ལ་དམིགས་ནས་མཐའ་མཚམས་རྒྱུད་གསར་སྤེལ་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་སྟངས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་སོགས། ལྔ་ནས་སྣོད་བཅུད་མཐའ་སྲུང་ལ་དམིགས་ནས་མཐའ་མཚམས་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་རྒྱུ། དྲུག་ནས་མཐུན་སྒྲིལ་མཐའ་བརྟན་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་དང་མཐའ་སྲུང་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ཞི་མཐུན་མཐའ་མཚམས་མཉམ་དུ་གཏོད་རྒྱུ་བཅས་རེད།
           《འཆར་འགོད་》ནང་དུ་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་གྱི་སྒྱུར་བཅོས་གསར་གཏོད་དང་འཕེལ་རྒྱས་མགྱོགས་གཏོང་ལ་དམིགས་བཀར་གྱིས་རྒྱབ་སྐྱོར་བྱས་ནས་ཁྱད་པར་ཅན་གྱི་སྲིད་ཇུས་བཏོན་ཏེ། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་མཐའ་མཚམས་ས་ཁུལ་ལ་ཕྱོགས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་ཕྱོགས་བསྡུས་ལེ་ལག་སྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་སྐབས་མཐའ་མཚམས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གཅིག་ལ་དམིགས་བཀར་གྱིས་རྒྱབ་སྐྱོར་བྱ་རྒྱུ། མཐའ་མཚམས་མང་ཚོགས་ཀྱི་རོགས་སྐྱོར་དང་། ནོར་སྲིད། དངུལ་རྩ། ས་ཞིང་། སྤྱི་ཚོགས་འགན་སྲུང་། ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ། ཁ་གཏད་རོགས་སྐྱོར་བཅས་ཕྱོགས་བདུན་ཐད་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་། ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་རིམ་པས་མཉམ་འགུལ། རྫོང་རིམ་པས་དོན་འཁྱོལ་”བཅས་ཀྱི་བྱེད་ཕྱོགས་ལྟར་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་འགན་དང་འགན་འཁྲི་དོན་འཁྱོལ། མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་དང་། ལས་འགན་གཙོ་བོ། གཙོ་གནད་ལས་གྲྭ་བཅས་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།