མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཕྱི་ཕྱོགས་སུ་མ་དངུལ་གཏོང་ཕྱོགས་ལ་སྔར་བས་
ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བརྒྱུད་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚོང་དོན་པུའུ། མི་དམངས་དངུལ་ཁང་། ཕྱི་འབྲེལ་པུའུ་བཅས་ཀྱི་《ཕྱི་ཕྱོགས་སུ་མ་དངུལ་གཏོང་ཕྱོགས་ལ་སྔར་བས་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་ཏེ། ཕྱི་ཕྱོགས་སུ་མ་དངུལ་གཏོང་བར་སྤྱི་ཁོག་མཛུབ་ཁྲིད་བྱ་རྒྱུར་བཀོད་སྒྲིག་དང་ཤུགས་སྣོན་བརྒྱབ་པ་དང་། ཕྱི་ཕྱོགས་སུ་མ་དངུལ་གཏོང་ཕྱོགས་ལ་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ནས་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུ་དེ་མུ་མཐུད་ལུགས་མཐུན་དང་གོ་རིམ་ལྡན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
         《བསམ་འཆར་》ནང་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ལྕག་སྐུལ་བྱེད་རྒྱུའི་ནང་། གཅིག་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཐའ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ལ་ཕན་ཐོགས་ཡོད་པའི་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་གཙོ་གནད་དུ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནི་སྤུས་ལེགས་ཐོན་ནུས་དང་། སྤུས་ལེགས་སྒྲིག་ཆས། ལག་རྩལ་ཚད་གཞི་ཕྱིར་གཏོང་བཅས་ལ་སྐུལ་ཁྲིད་བྱེད་པའི་ཕྱི་ཕྱོགས་སུ་མ་དངུལ་གཏོང་བའི་ལས་དོན་བརྟན་པོའི་ངང་སྤེལ་རྒྱུ། གསུམ་ནི་ཕྱི་ཕྱོགས་ཀྱི་མཐོ་གསར་ལག་རྩལ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་མ་དངུལ་གཏོང་བ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བཞི་ནི་དཔལ་འབྱོར་གྱི་ཕན་འབྲས་ལ་ཚོད་སྐོར་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ཕྱི་ཕྱོགས་ཀྱི་ནུས་རྒྱུ་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་ནང་བརྟན་པོའི་ངང་ཞུགས་རྒྱུ། ལྔ་ནི་ཞིང་ལས་ཐད་ནས་ཕྱི་ཕྱོགས་སུ་མཉམ་ལས་བྱེད་རྒྱ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་རྒྱུ། དྲུག་ནི་ཞབས་ཞུའི་ཁྱབ་ཁོངས་ཀྱིས་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཚུད་ཡོད་པ་རེད།
          《བསམ་འཆར་》ནང་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ཚོད་འཛིན་བྱ་རྒྱུའི་ནང་། གཅིག་ནི་རང་རྒྱལ་དང་ཕྱི་འབྲེལ་བཙུགས་མེད་པ་དང་དམག་འཁྲུག་གི་ཟིང་ཆ་ལངས་བཞིན་པའམ་ཡང་ན་རང་རྒྱལ་དང་བཞག་པའི་ཕྱོགས་གཉིས་དང་ཕྱོགས་མང་གི་ཆིངས་ཡིག་གམ་ཡང་ན་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་ཚོད་འཛིན་བྱེད་དགོས་རིགས་ཀྱི་ཚོར་སྣང་སྐྱེན་པའི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ཚོད་འཛིན་དང་། གཉིས་ནི་ས་ཁང་བདག་ཁོངས་ཐོན་ལས་དང་། ཨར་ཁང་། གློག་བརྙན་ཁང་། རོལ་རྩེད་ལས་རིགས། ལུས་རྩལ་སྤྲོ་སྐྱིད་ཁང་སོགས་ལ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ཚོད་འཛིན། གསུམ་ནི་ཕྱི་ཕྱོགས་སུ་དངོས་ཚན་ཁེ་ལས་རྣམ་གྲངས་མེད་པའི་རྐང་དབང་མ་འཇོག་ཐེབས་རྩའམ་ཡང་ན་མ་འཇོག་ལས་སྟེགས་འཛུགས་རྒྱུར་ཚོད་འཛིན། བཞི་ནི་མ་དངུལ་གཏོང་ཡུལ་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞིའི་བླང་བྱ་དང་མི་མཐུན་པའི་རྗེས་ལུས་ཐོན་སྐྱེད་སྒྲིག་ཆས་སྤྱད་ནས་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ཚོད་འཛིན། ལྔ་ནི་མ་དངུལ་གཏོང་ཡུལ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་ཟད་གྲོན། བདེ་འཇགས་བཅས་ཀྱི་ཚད་གཞི་དང་མི་མཐུན་པར་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་ཚོད་འཛིན་བཅས་ཚུད་ཡོད་པ་རེད།
         《བསམ་འཆར་》ནང་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུ་བཀག་འགོག་བྱ་རྒྱུའི་ནང་། གཅིག་ནི་རྒྱལ་ཁབ་ཀྱི་ཆོག་མཆན་མ་ཐོབ་པའི་དམག་དོན་བཟོ་ལས་ཀྱི་ལྟེ་བའི་ལག་རྩལ་དང་ཐོན་རྫས་ཕྱིར་གཏོང་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་བཀག་འགོག་དང་། གཉིས་ནི་རང་རྒྱལ་གྱིས་ཕྱིར་གཏོང་བཀག་འགོག་བྱས་པའི་ལག་རྩལ་དང་། བཟོ་རྩལ། ཐོན་རྫས་བཅས་སྤྱད་དེ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་བཀག་འགོག གསུམ་ནི་རྒྱན་འགྱེད་ལས་རིགས་དང་ཆགས་སྲེད་ལས་རིགས་སོགས་ལ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་བཀག་འགོག བཞི་ནི་རང་རྒྱལ་དང་རྒྱལ་སྤྱིའི་ཆིངས་ཡིག་བཞག་པའམ་ཡང་ན་དེའི་ནང་ཞུགས་ནས་བཀག་འགོག་བྱ་རྒྱུའི་གཏན་འབེབས་བྱས་རིགས་ལ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་བཀག་འགོག ལྔ་ནི་གནོད་འཚེ་གཞན་དག་གམ་ཡང་ན་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཕོག་སྲིད་རིགས་ལ་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུར་བཀག་འགོག་བཅས་ཚུད་ཡོད་པ་རེད།
         《བསམ་འཆར་》ནང་རིགས་དབྱེའི་མཛུབ་ཁྲིད་ལག་བསྟར་བྱེད་པ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བདེ་འཇགས་འགན་ལེན་ཤུགས་ཆེན་བྱེད་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་དང་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཏེ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལེ་ལག་ཚང་སྒྲིག་གི་སྲིད་ཇུས་བྱེད་ཐབས་དུས་ཚོད་དམ་འཛིན་གྱིས་བཟོས་ཏེ་འདོན་པ། འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།