མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་དུམ་བུ་ནུབ་མར་ལམ་
བཟོ་བ་འདི་ནི་རང་མགོ་ཆུ་འདྲེན་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་25ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་དུམ་བུ་ནུབ་མར་ལམ་
བཟོ་བ་འདི་ནི་རང་མགོ་ཆུ་འདྲེན་རེད་ཅེས་བརྗོད་པ།

           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་ཡིང་གིས་རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་དངོས་སུ་ཚོད་འཛིན་ས་ཐིག་ཉེ་འཁོར་དུ་ལམ་བཟོ་བར་ཆོག་མཆན་བཀོད་པའི་སྐོར་ལ་དམིགས་ནས་དོན་འདི་ཡིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་པ་མེད་ལ། མིག་སྔར་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་བ་ལའང་ཕན་པ་མི་འདུག་ཅེས་བསྟན་པ་རེད།
          ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་《རྒྱ་གར་སི་ཐན་སྐབས་དོན་ཚགས་པར་》ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། རྒྱ་གར་ནང་སྲིད་པུའུ་ཡིས་མཱར་སི་སྨི་ཁེ་ལཱ་ནས་རའེ་ཆོན་བར་གཞུང་ལམ་ཞིག་བཟོ་རྒྱུར་ཆོག་མཆན་སྤྲད་པ་རེད། མཱར་སི་སྨི་ཁི་ལཱ་ནས་མཚོ་མོ་ངང་ལྷ་རིང་པོའི་ནུབ་བྱང་སྣེའི་བར་ལ་ལམ་ཐག་སྤྱི་ལེ་20ཙམ་ལས་མེད་པ་རེད། རྒྱ་གར་སྨྱན་སྦྱོར་གྱིས་གཞུང་ལམ་འདི་བཟོ་བ་དེ་རྒྱ་གར་ལ་མཚོན་ནས་བཤད་ན། རྒྱང་རིང་ས་ཁུལ་གྱི་རྒྱ་གར་བདེ་སྲུང་དཔུང་སྡེ་དང་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ས་ཁུལ་འབྲེལ་མཐུད་བྱས་ནས"རྒྱ་གར་མཐའ་སྲུང་དཔུང་སྡེའི་ལེགས་ཆ་འགན་སྲུང་ཏན་ཏིག་བྱེད་ཐུབ"ཅེས་བརྗོད་པ་རེད། འདིའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་སྤེལ་རྒྱུ་གང་ཞིག་ཡོད་དམ་ཞེས་དྲིས་པ་རེད།
          ཧྭ་ཁྲུན་ཡིང་གིས"གནས་འཕྲིན་འདི་ཉན་ན་རྒྱ་གར་ཕྱོགས་ཀྱིས་རང་མགོ་ཆུ་འདྲེན་བྱེད་ཀྱི་ཡོད་པའི་ཚོར་སྣང་སྐྱེས།" ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་མངའ་ཁོངས་ས་ཆར་གཞུང་ལམ་བཟོ་སྐབས། རྒྱ་གར་ཕྱོགས་ཀྱིས"བདེ་འཇགས་ལ་དོ་ཁུར"ཞེས་པར་ཁ་གཡར་བྱས་ནས་ཁྲིམས་འགལ་ངང་རྒྱལ་མཚམས་ལས་བརྒལ་ནས་བཀག་འགོག་བྱས་པ་རེད། ད་ལྟ། རྒྱ་གར་ཕྱོགས་ཀྱིས་འདི་ལྟར་བྱས་པ་དེ་ནི་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཁ་ཞེ་མི་མཚུངས་པ་དང་། ཕན་ཚུན་འགལ་བ། སྔ་ཚིག་ཕྱི་འགལ་བཅས་བྱེད་ཀྱི་ཡོད་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཅེས་བརྗོད་པ་རེད།
            ཧྭ་ཁྲུན་ཡིང་གིས"ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མ་ད་དུང་དབྱེ་འབྱེད་གཏན་འབེབས་བྱས་མེད་པ་རེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀས་མཐའ་མཚམས་གནད་དོན་མཐའ་མར་ཐག་གཅོད་བྱས་མེད་པའི་སྔོན་ལ། ཐུན་མོང་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད"ཅེས་བརྗོད་པ་དང་། རྒྱ་གར་ཕྱོགས་ཀྱིས་མཐའ་མཚམས་དུམ་བུ་ནུབ་མའི་དངོས་སུ་ཚོད་འཛིན་ས་ཐིག་ཉེ་འཁོར་དུ་དམག་དོན་གྱི་དམིགས་ཡུལ་ལྡན་པའི་རྨང་གཞིའི་སྒྲིག་བཀོད་སྐྲུན་པ་དེ་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་དུམ་བུ་ནུབ་མའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་པ་མེད་ལ། མིག་སྔའི་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་བ་ལའང་ཕན་པ་མི་འདུག་ཅེས་བཤད་པ་རེད།