མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཐའ་མཚམས་ལས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་ཚང་མ་ཕྱིར་འཐེན་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།མཐའ་མཚམས་ལས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་ཚང་མ་ཕྱིར་འཐེན་བྱས་པ།

          མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་ཆ་འཕྲིན་ལྟར་ན། ཟླ་8ཚེས་28ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་དུམ་བུ་ལས་བརྒལ་ནས་ཀྲུང་གོའི་གཞོགས་སུ་འཛུལ་ཡོང་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་དང་སྒྲིག་ཆས་ཡོངས་རྫོགས་ཕྱིར་རྒྱ་གར་གྱི་ས་མཚམས་གཞོགས་སུ་ཕྱིར་འཐེན་བྱས་པ་རེད། རྒྱ་གར་གྱི་དམག་དཔུང་མཐའ་མཚམས་ལས་བརྒལ་བའི་དོན་རྐྱེན་ཐག་གཅོད་བྱས་པ་རེད།
         ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་ཡིང་གིས་ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཟླ་6ཚེས་18ཉིན། རྒྱ་གར་གྱི་མཐའ་སྲུང་དམག་དཔུང་ཁྲིམས་དང་འགལ་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་དུམ་བུའི་གཏན་འཁེལ་ཟིན་པའི་མཐའ་མཚམས་ལས་བརྒལ་ནས་ཀྲུང་གོའི་གདོང་སྣང་ས་ཁུལ་དུ་འཛུལ་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཕྱི་འབྲེལ་ཀྱི་ཐབས་ལམ་བརྒྱུད་ནས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ཐེངས་མང་པོ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་གནས་ཚུལ་ངོ་མ་གསལ་བཤད་བྱས་ཏེ་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་དྲང་ནན་དང་བླང་བྱ་གསལ་པོ་ཞིབ་བརྗོད་བྱས་ནས་རྒྱ་གར་ཕྱོགས་ལ་རྒྱལ་མཚམས་ལས་བརྒལ་བའི་མཐའ་སྲུང་དཔུང་སྡེ་འཕྲལ་མར་མཐའ་མཚམས་ཀྱི་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱ་དགོས་པར་སྐུལ་འདེབས་བྱས་པ་རེད། དུས་མཚུངས་སུ་ཀྲུང་གོའི་དམག་དཔུང་གིས་ཁ་གཏད་བྱ་ཐབས་ནུས་ལྡན་སྤེལ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད་ཅེས་བཤད་པ་རེད།
         ཧྭ་ཁྲུན་ཡིང་གིས་ཚེས་28ཉིན་གྱི་ཆུ་ཚོད་14:30ལྷག་ཙམ་ཐོག་རྒྱ་གར་ཕྱོགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་མི་སྣ་དང་སྒྲིག་ཆས་ཚང་མ་མཐའ་མཚམས་ཀྱི་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཡུལ་དངོས་སུ་ཡོད་པའི་མི་སྣས་དོན་དེ་ངོས་འཛིན་བྱས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ལོ་རྒྱུས་ཐོག་གི་ས་མཚམས་ཆིངས་ཡིག་གི་གཏན་འབེབས་ལ་གཞིགས་ནས་བདག་དབང་གི་ཁེ་དབང་སྤྱོད་རྒྱུ་དང་། མངའ་ཁོངས་བདག་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་སྲིད་གཞུང་གིས་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད། རྒྱ་གར་ཕྱོགས་ཀྱིས་ལོ་རྒྱུས་ཐོག་གི་ས་མཚམས་ཆིངས་ཡིག་གི་གཏན་འབེབས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཏན་ཏིག་བྱས་ཏེ་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་མངའ་ཁོངས་བདག་དབང་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུའི་རེ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།