མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་བཟའ་བཅའ་དང་འཕྲོད་
སྦྱོར་བཟའ་བཅའི་ཁ་བསླུས་དང་དྲིལ་བསྒྲགས་རྫུས་མ་བཅོས་སྒྲིག་གི་ལས་དོན་ཡག་པོ་སྤེལ་
ནས“ནན་ཤོས་བཞི”དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། བཟའ་བཅའ་དང་འཕྲོད་སྦྱོར་བཟའ་བཅའི་ཁ་བསླུས་དང་དྲིལ་བསྒྲགས་རྫུས་མ་ནི་དུས་ཡུན་རིང་པོའི་ནང་གནས་པའི་དཀའ་གནད་ཅིག་ཡིན་པས་མི་སེར་ཚོས་སེམས་ཀྱི་གཏིང་ནས་འཁོན་འཛིན་བྱེད་ཀྱི་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་པི་ཅིན་ཆོན་གྱིས་ཉིན་ཤས་གོང་བཟའ་བཅའ་དང་འཕྲོད་སྦྱོར་བཟའ་བཅའི་ཁ་བསླུས་དང་དྲིལ་བསྒྲགས་རྫུས་མ་བཅོས་སྒྲིག་བྱེད་པའི་ཐད“ནན་ཤོས་བཞིའི”བླང་བྱ་དམིགས་སར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་མི་སེར་གྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
      པི་ཅིན་ཆོན་གྱིས་ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་བཟའ་བཅའ་དང་འཕྲོད་སྦྱོར་བཟའ་བཅའི་ཁ་བསླུས་དང་དྲིལ་བསྒྲགས་རྫུས་མ་བཅོས་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་སྐྱེ་ལྡན་གྱི་ངོས་འཛིན་མཁས་ལེན་རྫུས་མས་ཀྲུང་གོའི་ཞིང་ལས་ལ་འཐུས་ཤོར་མི་ཡོང་བ་བྱེད་དགོས། སྐྱེ་ལྡན་བཟའ་བཅའ་ངེས་པར་དུ་མིང་དོན་མཚུངས་དགོས་པ་དང་། སྣོད་བཅུད་ཁོར་ཡུག་བཟང་པོ་ནས་ཐོན་དགོས་པ་ལས་དེའི་ཐོག་ཞིང་སྨན་དང་ཕྱུགས་སྨན་ལུས་མི་རུང་། གནོད་མེད་བཟའ་བཅར་ངེས་པར་དུ་ཐོན་སྐྱེད་གོ་རིམ་གྱི་བླང་བྱ་ལྟར་གཏན་འབེབས་བྱས་པའི་ཚད་བཀག་བཞིན་རྫས་ལུད་དང་། ཞིང་སྨན། ཕྱུགས་སྨན་བཅས་སྤྱོད་པའམ་ཡང་ན་རྫས་འགྱུར་དངོས་པོ་སྤྱོད་མི་རུང་ཞེས་བརྗོད་པ་རེད།
       པི་ཅིན་ཆོན་གྱིས་གནོད་མེད་བཟའ་བཅའི་ནང་སྤྱོད་ཆོག་པའི་ཞིང་སྨན་དང་ཕྱུགས་སྨན་གྱི་ལྷག་རོ་ཚད་གཞི་ལས་བརྒལ་མི་ཆོག་ལ་ལྕི་བའི་ལྕགས་རིགས་ཀྱི་ཚད་གཞིའང་བརྒལ་མི་ཆོག བཟོ་ལས་ཐོན་སྐྱེད་བྱས་པའི་བཟའ་བཅའི་ཁ་བྱང་གི་གསལ་བཤད་ཡི་གེ་ཚང་མ་ངེས་པར་དུ་ཁ་གསལ་ལ་ཡང་དག་དགོས་པ་དང་། མཚོན་རྟགས་ཇི་མ་ཇི་བཞིན་འགོད་པ་ལས་རྫུས་མ་གཏན་ནས་འགོད་མི་རུང་། འཕྲོད་སྦྱོར་བཟའ་བཅའི་ཐོག་བཀོད་པའི་ནུས་པ་ཚང་མར་ཚན་རིག་གི་གཞི་འཛིན་ས་ཡོད་དགོས། བཟའ་བཅའ་དང་འཕྲོད་སྦྱོར་བཟའ་བཅའ་ཚང་མའི་བརྡ་ཆ་དང་། དྲིལ་བསྒྲགས་དེབ། སྒྲ་གཟུགས་བརྙན་ཐུང་། ཚོགས་འདུའི་འཆད་ཁྲིད་བཅས་ཀྱི་ནང་དོན་མཐའ་དག་ཁ་བྱང་དང་གསལ་བཤད་ཡི་གེའི་མཚོན་རྟགས་ནང་འཁོད་པའི་ནང་དོན་ལས་འགལ་མི་རུང་ལ་ནད་ཡམས་སྔོན་འགོག་དང་སྨན་བཅོས་ཀྱི་ནུས་པ་ལྡན་ཡོད་ལུགས་འགོད་རྒྱུ་གཏན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་རེད།