མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡན་ཏུང་གིས་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་དང་ཕུལ་བྱུང་དགེ་རྒན་གྱི་འཐུས་
མིའི་བཞུགས་མོལ་ཚོགས་འདུ་ཐོག་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚེས་7ཉིན་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་དང་ཕུལ་བྱུང་དགེ་རྒན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་སྦྲགས་སློབ་གསོའི་བྱ་གཞག་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ནས། དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་ཆུ་ཚད་དུ་སླེབས་པའི་དེང་རབས་ཅན་གྱི་སློབ་གསོ་ཡག་པོ་གཉེར་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
              ལིའུ་ཡན་ཏུང་གིས། སློབ་གསོ་དར་ན་རྒྱལ་ཁབ་དར་བ་དང་། དགེ་རྒན་དཔུང་ཁག་སྟོབས་ཆེར་གྱུར་ན་སློབ་གསོ་སྟོབས་ཆེར་འགྱུར། དགེ་རྒན་ནི་བསླབས་འདོམས་པ་གཙོ་བོ་ཡིན། དེར་བརྟེན་དགེ་རྒན་ནི་སློབ་གསོའི་བྱ་གཞག་གི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ངོས་ནས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ལས་སྒོར་བྱང་ཆ་དོད་ཅིང་གྲུབ་ཆ་འོས་འཚམ་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་བཙུགས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། དགེ་རྒན་དང་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དགེ་འོས་སློབ་གྲྭས་དགེ་རྒན་གསོ་སྐྱོང་དང་སློབ་གསོ་ཚན་རིག་ཞིབ་འཇུག་སོགས་ཐད་ཀྱི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་། གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་དགེ་རྒན་གྱི་ལས་རིགས་བྱང་ཚད་དང་སློབ་གསོ་སློབ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགེ་རྒན་གྱི་ཐོབ་ཐང་འགན་ལེན་དང་གདེང་འཇོག་སྐུལ་སློང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་ཤུགས་ཆེན་དང་དྲིལ་བསྒྲགས་བྱས་ནས་དགེ་རྒན་གྱིས་ཞིབ་ཚགས་ངང་སློབ་གསོ་གཉེར་རྒྱུར་ཆ་རྐྱེན་གཏོད་དགོས་ཞེས་ནན་བཤད་གནང་བ་དང་ཆབས་ཅིག་རྒྱ་ཆེའི་དགེ་རྒན་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་གཞན་ལ་མིག་དཔེ་སྟོན་པ་དང་། རིག་གནས་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱས་ཏེ། སློབ་མ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་མཁན་དང་མེས་རྒྱལ་ལ་ལེགས་སྐྱེས་འབུལ་མཁན་གྱི“བཞི་ལྡན”དགེ་རྒན་ཡག་པོ་ཞིག་དང་ཏང་དང་མི་དམངས་བློ་ཡིད་ཚིམས་པའི་དགེ་རྒན་ཡག་པོ་ཞིག་བྱ་རྒྱུའི་ཐུགས་རེ་ཡང་བཏོན་གནང་བ་རེད།
          ཚོགས་འདུ་མ་འཚོག་གོང་། ལིའུ་ཡན་ཏུང་གིས་རྒྱལ་ས་དགེ་འོས་སློབ་ཆེན་ལ་གཟིགས་ཞིབ་གནང་བ་རེད།