མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དམངས་ཁྲོད་ཀྱི་ནུས་ལྡན་མ་འཇོག་གི་གསོན་
ཤུགས་སྔར་བས་འཕེལ་བ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་
གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དམངས་ཁྲོད་ཀྱི་ནུས་ལྡན་མ་འཇོག་གི་གསོན་ཤུགས་སྔར་བས་འཕེལ་བ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
        《བསམ་འཆར་》ནང་ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཀོད་སྒྲིག་དང་བཏོན་པ་དང་ཆབས་ཅིག་ཆེད་དོན་ལྟ་བཤེར་ཡང་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་ཆག་མཚམས་ཆད་དེ་འཕར་འགོ་ཚུགས་ཡོད། དམངས་ཁྲོད་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་གསར་པ་འཕེལ་བ་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱ་ཆེད། སྲིད་ཇུས་དོན་ཐོག་ཏུ་མི་འཁྱོལ་བ་དང་། གཉེར་ཚོང་ཁོར་ཡུག་ལེགས་སུ་གཏོང་དགོས་པ། མ་དངུལ་འདུ་སྒྲིལ་བྱེད་དཀའ་བ་དང་མ་དངུལ་འདུ་སྒྲིལ་བྱེད་པའི་རིན་གོང་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས《བསམ་འཆར》ནང་སྲིད་ཇུས་དང་བྱ་ཐབས་ཁག་བཅུ་བཏོན་ནས་དམངས་ཁྲོད་ཀྱིས་མ་འཇོག་ནུས་ལྡན་བྱེད་པའི་གསོན་ཤུགས་སྔར་བས་འཕེལ་བ་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད།
       གཅིག་ནས“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་མེད་པ་བཟོ་བ་དང་གཤམ་སྤྲོད་བྱེད་པ་དང་། ཀྲུང་དབྱང་གིས་ས་གནས་ལ་དམིགས་བཙུགས་བྱས་ཏེ་ལག་བསྟར་བྱས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པ་བཟོ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཆོག་མཆན་བར་འབྲེལ་ཞབས་ཞུའི་དོན་ཚན་གཙང་སེལ་དང་ཚད་ལྡན་དུ་གཏོང་བ་སོགས་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱ་རྒྱུ་དང་། གཉིས་ནས་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་གོང་ཞུར་ཞིབ་མཆན་བཀོད་པའི་གནས་ཚུལ་གཙང་སེལ་དང་ཞིབ་དཔྱད་བྱ་རྒྱུ་ཡིན་ཞིང་། ཁྱོན་ཡོངས་ལ་ཁྱབ་པ་དང་ཞིབ་ཚགས་པའི་གཙང་སེལ་དང་ཞིབ་དཔྱད་བྱས་ཏེ་ཞིབ་བཤེར་གནང་རྒྱུར་འབུལ་བའི་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ཐད་སྒྲུབ་གཉེར་དུས་བཀག་ཁ་གསལ་བཟོ་བ་དང་སྒྲུབ་གཉེར་མྱུར་ཚད་མགྱོགས་སུ་གཏོང་རྒྱུ། གསུམ་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དམངས་གཉེར་ཁེ་ལས“ཀྲུང་གོའི་ལན་པར་2025”དང་། དེང་རབས་ཅན་གྱི་ཞིང་ལས། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཅོས་སོགས་གཙོ་གནད་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་དམངས་ཁྲོད་ཀྱི་མ་འཇོག་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། བཞི་ནས་དམངས་ཁྲོད་ཀྱི་མ་རྩ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས(PPP)རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་ཞིང་། PPPརྣམ་གྲངས་ཀྱི་ལུགས་མཐུན་ཁེ་ཕན་ཕྱིར་སྤྲོད་ལམ་ལུགས་བཙུགས་ཏེ་དམངས་ཁྲོད་ཀྱི་མ་རྩ་ཞུགས་རྒྱུའི་ཡིད་དབང་འགུགས་རྒྱུ་དང་དམངས་ཁྲོད་ཀྱི་མ་རྩ་མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་སྤྱོད་པ་དང་། ཐེབས་རྩ་འཛུགས་པ། མཉམ་འབྲེལ་སྒྲིག་གཞི་འཛུགས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་མ་འཇོག་གཞི་ཁྱོན་ཅུང་ཆེ་བའི་PPPརྣམ་གྲངས་ནང་ཞུགས་རྒྱུར་སྐུལ་ལྕག་བྱ་རྒྱུ། ལྔ་ནས་ཁེ་ལས་གཉེར་སྐྱོང་གི་མ་གནས་དམའ་རུ་གཏོང་རྒྱུ་ཡིན་ཞིང་། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཞབས་ཞུ་རང་བཞིན་གྱི་གྲོན་བསྡུ་ལྟ་སྐུལ་དོ་དམ་དང་བར་འབྲེལ་ཞབས་ཞུའི་གྲོན་བསྡུ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་སྒྲིག་གཞིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགྲོ་གྲོན་བསྡུ་བ་སོགས་ལ་ལྟ་སྐུལ་བྱ་རྒྱུ། དྲུག་ནས་མ་དངུལ་འདུ་སྒྲིལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་ཞིང་། དམངས་གཉེར་ཁེ་ལས་ཀྱི་ཡིད་རྟོན་རིམ་པ་དཔྱད་བསྡུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཡིད་རྟོན་གནང་བར་དོ་དམ་བྱེད་པ་དང་ཞབས་ཞུ་བྱེད་པའི་འགྲོ་ལུགས་ལེགས་སུ་བཏང་ནས་དམངས་ཁྲོད་ཀྱི་མ་རྩར་སྣ་མང་ཅན་གྱི་མ་དངུལ་འདུ་སྒྲིལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ། བདུན་ནས་སྲིད་དོན་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཆེད་དོན་བཅོས་སྐྱོང་བྱས་ཏེ་ས་གནས་སྲིད་གཞུང་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་ཁས་ལེན་དོན་འཁྱོལ་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་ཡིད་རྟོན་ཤོར་བའི་འགན་ཁུར་བ་གཙོ་བོ་དང་ཐད་ཀའི་འགན་ཁུར་བར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་ཆད་གཅོད་བསླབ་འདོམས་བྱ་རྒྱུ། བརྒྱད་ནས་སྲིད་ཇུས་ལ་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། སྲིད་ཇུས་འདོན་པའི་གོ་སྐབས་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཞོར་ལ་སྲིད་ཇུས་ཀྱི་སྟོན་ཕྱོགས་ཁ་གསལ་བཏོན་ནས་མ་འཇོག་གི་སྔོན་དཔག་ལ་ཁྲིད་སྟོན་ཡང་དག་བྱ་རྒྱུ། དགུ་ནས“ཉེ་ལ་གཙང་བའི”སྲིད་ཚོང་དབར་གྱི་འབྲེལ་བ་བཙུགས་ཏེ་སྲིད་གཞུང་དང་དམངས་གཉེར་ཁེ་ལས་དབར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། བཅུ་ནས་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནུས་ཐོན་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་བཅས་རེད།