མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་བྱས་འབྲས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་གསུམ་བརྒྱུད་པའི་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་གྱི་ལས་དོན་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་14ཉིན་ཞིང་གསུམ་ཡོངས་བཤེར་གྱི་གྲངས་གཞི་གཙོ་བོའི་སྤྱི་བསྒྲགས་དང་པོ་ཡོངས་བསྒྲགས་བྱས་པ་དང་འབྲེལ། སྤྱི་བསྒྲགས་བཞིའི་ཡོངས་བསྒྲགས་ཀྱི་གྲངས་གཞི་གཙོ་བོ་རིམ་བཞིན་ཁྱབ་བསྒྲགས་བྱ་རྒྱུ་རེད།
        ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ནི་1996ལོ་དང་2006ལོའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ཐེངས་གཉིས་ཀྱི་རྗེས་སུ་རང་རྒྱལ་གྱིས་སླར་ཡང་རྒྱལ་ཡོངས་ཀྱི“ཞིང་གསུམ”གྱི་གནས་ཚུལ་གསལ་རྟོགས་བྱེད་པའི་ཡོངས་བཤེར་ཆེན་མོ་ཞིག་རེད། ཞིང་གསུམ་ཡོངས་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2016ལོའི་ཟླ་12ཚེས་31ཉིན་ཡིན་པ་དང་དུས་སྐབས་ཀྱི་དཔྱད་གཞི་2016ལོའི་ཡིན་པ་རེད།
        སྤྱི་བསྒྲགས་དང་པོ་ལས་མངོན་པར། ཐེངས་འདིའི་་ཞིང་གསུམ་ཡོངས་བཤེར་ཁྲོད་ཤང་གྲོང་31925དང་། གྲོང་ཚོ་596450 རང་བྱུང་གྲོང་ཚོ་ཁྲི་317 2006ལོའི་རྗེས་སུ་གསར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་གྲོང་མིའི་གནས་སྡོད་ས་ཚིགས་ཁྲི་15བཅས་ལ་ཞིབ་བཤེར་བྱས་པ་རེད། 2016ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་སྟོང་134921ཟིན་པ་དང་རྒྱལ་ཡོངས་སུ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བ་ཁྲི་31422ཡོད་པ་རེད།
        རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་བཤེར་གཞུང་དོན་ཁང་གི་ཀྲུའུ་རེན་ཤོན་ཙུའུ་ཏེས་ངོ་སྤྲོད་བྱས་དོན། ཞིང་ལས་ཡོངས་བཤེར་ཁྲོད་རང་རྒྱལ་གྱི“ཞིང་གསུམ”གྱི་གནས་ཚུལ་གསར་ཤོས་མཚོན་པའི་རྨང་གཞིའི་གྲངས་གཞི་འབོར་ཆེན་ཞིབ་བཤེར་ཐུབ་པ་མ་ཟད། ཟ་འབྲུ་དང་སྲིང་བལ། སྒོ་ཕྱུགས་དང་ཁྱིམ་བྱ། ཆུ་ཟོག་ཐོན་རྫས་སོགས་ཞིང་ལས་ཐོན་སྐྱེད་ཀྱི་གཞི་གྲངས་གཙོ་བོ་གསལ་ཞིབ་ཐུབ་པ་དེ་ལས་ཞིང་པ་དང་གྲོང་གསེབ་ཀྱི་འགྱུར་ལྡོག་གསར་པ་ཞིབ་ཕྲའི་སྒོ་ནས་མཚོན་ཡོད། དེ་དང་ཆབས་ཅིག ཞིང་ལས་གཞི་ཁྱོན་ཅན་གཉེར་སྐྱོང་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་སོགས་ཐད་ཀྱི་རྒྱུན་ལྡན་གྱི་བསྡོམས་རྩིས་བརྟག་དཔྱད་ཀྱིས་མ་ཁྱབ་པའི་ཆ་འཕྲིན་རག་ནས“ཞིང་གསུམ”བསྡོམས་རྩིས་ཀྱི་སྟོང་ཆ་བསྐངས་པ་རེད།
         ཡོངས་བཤེར་འབྲས་བུ་ལས་མངོན་པར། ལོ་བཅུའི་རིང་དང་ལྷག་པར་དུ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་གལ་ཆེན་བྱུང་བ་སྟེ། ཞིང་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་སྲ་བརྟན་དུ་སོང་ནས་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དེང་རབས་གྲོང་གསེབ་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་དོད་པ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ། ཞིང་པའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་རེད། གཞན་ཡང་ཡོངས་བཤེར་བྱས་འབྲས་ལས་ཡང་མངོན་པར། རང་རྒྱལ་གྱི“ཞིང་གསུམ”ཐད་ད་དུང་ཞན་ཆ་འགའ་གནས་ཡོད་པ་གཙོ་བོ་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་སྔར་བཞིན་མཐོ་པོ་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དབར་དུ་སྔར་བཞིན་ཧེ་བག་ཅུང་ཆེན་པོ་ཡོད་པ་དེ་རེད།