མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་
དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་2018ལོ་ནས་2020ལོའི་བར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། བཀག་སྡོམ་ལ་སྣང་ཆེན་དང་མཐོ་གནོན་ཆེན་པོ། ཟིལ་ཤུགས་ཡུན་གནས་བཅས་མཐའ་འཁྱོངས་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ནན་གྱིས་འཁུར་ཏེ། 2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་སྟོབས་དང་ལྡན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ཐད་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། གནད་སྨིན་ལྟ་སྐུལ། རྟག་ཏུ་དམ་འཛིན་དང་ཡུན་རིང་དམ་འཛིན། རྩ་ལག་མཉམ་བཅོས་བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གལ་ཆེའི་ས་ཁོངས་སམ་ཡང་ན་ལས་ཀའི་ལྷུ་ཚིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་ནན་པོ་བྱེད་དགོས་ལ། ས་གནས་དེ་ག་དང་སྡེ་ཚན་དེ་གར་གནས་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 2018ལོ་ནས་བཟུང་ཆེད་དོན་བཅོས་སྒྲིག་བྱས་ཏེ་དམ་འཛིན་གཏིང་ཟབ་དང་དོན་དངོས་ནས་བཅོས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་དབུལ་སྒྲོལ་ལས་འགན་ལེགས་འགྲུབ་ཐུབ་པའི་བར་རྒྱུན་མཐུད་སྤེལ་རྒྱུ་རེད། དེ་རྗེས་ད་དུང་བཅོས་སྒྲིག་གི་ཕན་འབྲས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བཅོས་སྒྲིག་གི་གཙོ་གནད་ཐད་དབུལ་སྐྱོར་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཡོད་ལ། ད་དུང་འབྲེལ་ཡོད་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་ཀྱང་ཡོད་པ་དཔེར་ན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྐོག་ཟ་ཧམ་བཟུང་དང་། ལྐོག་རྔན་སྤྲོད་ལེན། རྫུན་ཞུ་གཡོ་ལེན། བཀག་ཉར་འཐེན་སྤྱོད། བག་མེད་ཆུད་ཟོས། བཟའ་འཁྱེར་བཀག་གསུམ། ཉེ་དགའ་ཕྱོགས་ཞེན་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ས་གནས་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་འཁུར་མི་ཐུབ་པ་དང་། རྣམ་འགྱུར་དྲང་པོ་མེད་པ། ལས་ཀ་ཞིབ་ཚགས་མི་བྱེད་པ། ཁྲལ་སེལ་སླ་བཅོས་ངང་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁྲི་འཁུར་མི་ཐུབ་པ་དང་། ལྟ་སྐུལ་དོ་དམ་ནན་པོ་མེད་པ། འགན་འཁྲི་ཕར་དཀྲི་ཚུར་དཀྲི་བྱེད་པ། དགོས་པའི་ལས་མི་བྱེད་པ་དང་། བྱ་སྤྱོད་སྤེལ་འགོར་བ། ལས་རྙོག་བཟོ་བ་སོགས་ཀྱི་གནད་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་འཁུར་མི་ཐུབ་པ་སོགས་ཀྱི་གནད་དོན་ལྟ་བུའོ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བྱེད་པ་དང་། མུན་འཐོམས་ངང་ཐབས་ཇུས་འགོད་པ་དང་། མི་བདེན་རྫུན་བཟོ་བྱེད་པ། གྲངས་ཚད་ཀྱི་ཐོག་ནས་དབུལ་སྒྲོལ་བྱེད་པ། “དབུལ་ཞྭ་ཕུད་པ”རྫུན་བཟོ་བྱེད་པ་སོགས་ཀྱི་གནད་དོན་ཚང་མ་བཅོས་སྒྲིག་བྱེད་པའི་གཙོ་གནད་ཡིན་པ་རེད།