མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་
ཨ་ཀེན་ཐིན་དུ་འཚམས་འདྲི་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཨ་ཀེན་ཐིན་གྱི་སྤྱི་མཐུན་རྒྱལ་ཁབ་ཇུས་གཞི་ཏང་གི་གདན་ཞུས་ལྟར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་སུང་ཤིའུ་ཡན་གྱིས་སྣེ་ཁྲིད་པའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཨ་ཀེན་ཐིན་ལ་འཚམས་འདྲི་བྱས་ཏེ། ཨ་ཀེན་ཐིན་གྱི་གནས་སྐབས་གྲོས་ཚོགས་གོང་མའི་གྲོས་དཔོན་ཕི་ཉེ་ཏུའོ་དང་། སྤྱི་མཐུན་རྒྱལ་ཁབ་ཇུས་གཞི་ཏང་གི་ཀྲུའུ་ཞི་སི་ཆི་ཡ་ཨའོ་ཉི། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཐ་ནཱ་བཅས་སོ་སོ་དང་མཇལ་འཛོམས་གནང་བ་དང་འབྲེལ། པུ་དབྱི་ནོ་སི་ཨེ་རི་སིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་པ་རེད།
        སུང་ཤིའུ་ཡན་གྱིས་ཨ་ཀེན་ཐིན་གྱི་སྲིད་ཏང་དང་། གྲོས་ཚོགས། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་འཐུས་མིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཚོགས་ཆེན་གྱི་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ནས་ཏང་གི་སྒྲིག་ཡིག་ནང་བཅུག་པ་དེ་ཡིན་ཞེས་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེས་ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་གལ་ཆེན་གནང་ཡོད་ཅེས་བརྗོད།
       ཨ་ཀེན་ཐིན་གྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐོན་པར་གདེང་འཇོག་མཐོ་པོ་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་བསྔགས་བརྗོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་ངེས་ཡིན་པ་དང་། ཀྲུང་གོའི་འབྱུང་འགྱུར་སྔར་བས་འོད་ཟེར་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ལུགས་བརྗོད་ཡོད།
        འཚམས་འདྲི་བྱེད་རིང་། སུང་ཤིའུ་ཡན་གྱིས་ཨ་ཀེན་ཐིན་གྱི་འགོ་ཁྲིད་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(དེབ་གཉིས་པ)ཕུལ་བ་རེད།