མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"ལ་བརྟེན་ནས་རྒྱལ་ཁབ་གཅིག་
གིས་གཙོ་ཁྲིད་བྱེད་པའི་སྒྲིག་སྲོལ་བཟོ་མི་སྲིད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་འབྲེལ་ཡོད་འདྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་ལས་རྒྱལ་ཁབ་གཅིག་གིས་གཙོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་ཀྱིས་འཛུགས་མ་མྱོང་ལ་འཛུགས་ཀྱང་མི་སྲིད་ཅེས་གསུངས་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཉེ་ཆར་ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་རང་ཉིད་ཀྱི་སྒྲིག་སྲོལ་དང་ཚད་གཞི་བཟོ་རྩིས་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལྟ་སྟངས་གང་ཞིག་འཛིན་གྱི་ཡོད་དམ་ཞེས་དྲིས།
        ཧྭ་ཁྲུན་ཡིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་དམིགས་ཡུལ་ནི་ལམ་རྒྱུད་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་ཁག་གི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། གནད་དོན་ཡོད་ཚེ་ཚང་མས་གྲོས་བསྡུར་བྱས་ནས་སྒྲུབ་པ་ལས“བརྒྱ་ཁ་གཅིག་གཅོད”ཀྱི་གནས་ཚུལ་གནས་མེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གིས་གཙོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་ཀྱིས་འཛུགས་མ་མྱོང་ལ་འཛུགས་ཀྱང་མི་སྲིད་ཅེས་གསུངས་པ་རེད།
        ཧྭ་ཁྲུན་ཡིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན་ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་གྲོས་མོལ་བྱས་པ་བརྒྱུད་རྒྱལ་ཁབ་དང་རྩ་འཛུགས་80དང་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་པ་དང་། རྒྱལ་ཁབ་30ལྷག་ཙམ་དང་ལམ་སྲོལ་ཅན་གྱི་ཐོན་ནུས་མཉམ་ལས་འཕེལ་རྒྱས་བཏང་བ། ལམ་རྒྱུད་རྒྱལ་ཁབ་24ལ་ས་ཁོངས་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་75བཙུགས་པ། ཀྲུང་གོའི་ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ལ་མ་འཇོག་བྱས་པ་རིམ་རྩིས་ལྟར་ན་ཨ་སྒོར་དུང་ཕྱུར་500ལས་བརྒལ་ནས་ལས་ཞུགས་ལས་གནས་ཁྲི་20ཙམ་བཏོད་ཡོད་པ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་ལམ་རྒྱུད་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་དགའ་བསུ་ཡོངས་ཁྱབ་ངང་ཐོབ་པ་གྲངས་གཞི་དེ་དག་ལས་ར་སྤྲོད་བྱེད་ཐུབ་ཅེས་གསུངས་པ་རེད།
        ཧྭ་ཁྲུན་ཡིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི“ར་སྐོར་ཆུང་ཆུང”ཟེར་བ་སྒྲུབ་རྒྱུ་མིན་པ་དང་རྒྱལ་ཁབ་གང་ཞིག་ལའང་དམིགས་པ་ཞིག་མིན་པར་སྒོ་དབྱེ་དང་ཁོང་ཡངས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དེའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་འབྲེལ་ཡོད་ཕྱོགས་ཁག་གིས་དངོས་ཡོད་དང་ལུགས་མཐུན་གྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།