མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་གཞུང་
དྲང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱ་རྒྱུའི་སྐོར་ལ་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་》(གཤམ་ལ་《བརྡ་ཐོ་》ཞེས་བསྡུ་རྒྱུ)བཀྲམ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་《བརྡ་ཐོའི་》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་ཆེན་རིང་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས་པ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ་གཤམ་གསལ་ཏེ།
         གཅིག་ནས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་ནམ་ཡང་མི་འཇོག་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། 2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་མཚམས་ཚིག་གལ་ཆེན་དང་པོ་དེ་ཡིན་ལ། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ་》བཏོན་རྗེས་ཀྱི་མཚམས་ཚིག་གལ་ཆེན་ཞིག་ཀྱང་ཡིན། “དུས་ཆེན་གཉིས”རིང་སྤྱོད་བཟང་གཞུང་དྲང་ཡོད་མེད་ནི་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བར་མི་དམངས་མང་ཚོགས་ཚོས་ཡིད་ཆེས་དང་ཡིད་རྟོན་བྱ་རྒྱུར་ཐུག་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་བྱ་རྒྱུར་འགོ་ཡག་པོ་ཞིག་འཛུགས་མིན་དང་གོམ་པ་ཡག་པོ་ཞིག་སྤོ་མིན་ལ་ཐུག་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས“དུས་ཆེན་གཉིས”རིང་མུ་མཐུད་སྤྱོད་བཟང་སྒྲིག་ནན་ཡོང་བར་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ནུས་ལྡན་བྱ་ཐབས་དང་ཉམས་མྱོང་མཐའ་འཁྱོངས་བྱེད་པ། ལྟ་སྐུལ་ཁྲིམས་སྐྱོང་གི་འགན་འཁྲི་རྩད་གཅོད་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམ་འཛིན་ཏན་ཏིག་དང་དམ་འཛིན་ལྷོད་མེད་བྱེད་པ། མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་བའི་ཁྲོད་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས།
          གཉིས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ཞིབ་བཤེར་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགུལ་ངང་བྱས་རྗེས་བཞག་ནས་མངོན་བཤེར་ལྐོག་ཞིབ་དང་། སྐབས་བསྟུན་འཐེན་བཤེར། འཕྲལ་སྒྲུབ་ཞིབ་བཤེར་སོགས་ཀྱི་བྱེད་སྟངས་སྤྱད་དེ་གོང་འོག་མཉམ་འགུལ་དང་ཕྱོགས་ཡོངས་འབུར་དུ་ཐོན་པའི་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། ས་གནས་ཀྱི་གཞུང་ཁོངས་ཁེ་ལས་དང་། དངུལ་རྩའི་སྒྲིག་གཞི། རྫོང་དང་ཤང་གི་གཞི་རིམ་སོགས་ཁྱབ་ཁོངས་ལ་དམིགས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱས་ནས་གནོན་ཤུགས་བརྒྱུད་འདྲེན་རིམ་པ་བཞིན་ཆུང་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱེད་དགོས།
         གསུམ་ནས་གཙོ་གནད་གནད་དོན་ལ་དམ་འཛིན་བྱས་ཏེ་ཁྲིམས་སྐྱོང་གི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ལ་དམ་པོར་དམིགས་ནས། 《བརྡ་ཐོའི་》ནང་བཀོད་པའི“དུས་ཆེན་རིང་གི་རུལ་སུངས”གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང་། ལས་ཁུངས་སམ་ཡང་ན་ཁེ་ལས་ཀྱི་ཟ་ཁང་དང་། ནང་ཁུལ་གྱི་མགྲོན་ཁང་། གསོ་སྦྱོང་ལྟེ་གནས་སོགས་སུ་གཞུང་དངུལ་བཏང་སྟེ་ལྟོ་ཆས་བཟའ་བ་དང་། གནས་གོང་ཆེ་བའི་ཁུལ་ཆུང་ངམ་ཡང་ན་ཡིག་ལས་ཐོག་ཁང་དུ“ཁ་ལག་སྒྲོག་ཙེ་གང་སྒྲིག་པའི”གདན་ཞུ་དང་ལེན་བྱེད་པ། མིང་སྣ་ཚོགས་སྤྱད་ནས་མ་དངུལ་གཡོ་ལེན་བྱས་པ་དེ་དག་བཟའ་བཏུང་དང་ཕྱག་རྟགས་འབུལ་རྒྱུར་སྤྱད་པ། པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁང་ངམ་ཡང་ན་ཞིང་ཆེན་གནས་ཡུལ་གྱི་གྲོང་ཁྱེར་དུ་བཅའ་སྡོད་དོན་གཅོད་ཁང་སོགས་སྒྲིག་གཞི་བརྒྱུད་ལོ་མཇུག་ཏུ་གསོལ་སྟོན་བཤམས་ནས་མགྲོན་པོ་འབོད་པ་དང་ལོ་གསར་གྱི་ཉེར་མཁོ་དང་དུས་ཆེན་གྱི་ཕྱག་རྟགས་སྤྲོད་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ཡུལ་སྐོར་དང་ལེན་བྱེད་པ་སོགས་མངོན་མེད་ཐབས་སྒྱུར་གྱི་སྒྲིག་འགལ་གནད་དོན་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་དགོས།
         བཞི་ནས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས་ཤིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི“སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བསམ་འཆར་ངེས་པར་དུ་ཉན་དགོས་པ་དང་ཁུངས་སྣེ་ཞིབ་ཅིང་ཕྲ་བའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ། གཟུགས་བརྙན་གྱི་འགག་སྒོ་བཅས་ནན་པོ་སྲུང་བ་དང་། “དུས་ཆེན་གཉིས”ཀྱི་སྐབས་དང་བསྟུན་ནས་འདེམས་ཤོག་འཕེན་སྐུལ་གྱིས་རྔན་བསླུས་འདེམས་བསྐོ་བྱེད་པ་དང་། ངོ་ཆེན་ཞུས་ནས་གོ་བརྡ་གཏོང་བ། དཔོན་གནས་རག་ཐབས་བྱེད་པ་སོགས་ཀྱི་བྱེད་སྤྱོད་དོགས་ཟོན་ནན་པོ་དང་ཐག་གཅོད་ནན་པོ་བྱེད་པ། གནད་དོན་གཅིག་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་གཅིག་བྱེད་པ་བཅས་ཀྱི་ཐོག་ནས་སྐབས་བརྗེའི་འབྲེལ་ཡོད་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་སོ།