མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་དངུལ་ཁང་གིས་སྟབས་བདེའི་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་སྤྱད་དེ་
མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོ་ལེགས་སུ་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་《མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོ་རིགས་དབྱེ་དོ་དམ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་སྟབས་བདེའི་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་བཟོ་བ་དང་བེད་སྤྱོད་བྱ་རྒྱུ་གཙོ་བོར་དམིགས་ནས་རྩིས་ཐོ་རིགས་གསུམ་པ་གཙོ་གནད་ཐོག་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་རྩིས་ཐོ་རིགས་གསུམ་པས་གྲངས་འབོར་ཉུང་བའི་གཏོང་སྤྲོད་ཁྱབ་ཁོངས་ཀྱི་ནུས་པ་སྔར་བས་འདོན་སྤེལ་དང་། རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་མི་སྒེར་གྱིས་དྲ་ཐོག་ནས་གཏོང་སྤྲོད་དང་སྒུལ་བདེ་གཏོང་སྤྲོད་སོགས་གྲངས་འབོར་ཉུང་བའི་འཛད་སྤྱོད་དང་གྲོན་དངུལ་འཇལ་བའི་ལས་སྒོ་གཉེར་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
        《བརྡ་ཐོ་》ལག་ལེན་བསྟར་རྗེས་མི་སྒེར་གྱིས་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་བཟོས་རྗེས་སྟབས་བདེ་གང་དག་ལོངས་སུ་སྤྱོད་ཆོག་གམ།
         གཅིག་ནས་རྩིས་ཐོ་བཟོ་བའི་ཐབས་ལམ་མང་པོ་ཡོད་ཅིང་། 《བརྡ་ཐོའི་》ནང་གཞུང་ཁོངས་ཚོང་ལས་དངུལ་ཁང་དང་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་སོགས་ཀྱིས་2018ལོའི་ཟླ་6པའི་ཟླ་མཇུག་གོང་དུ་ཀྲུང་གོ་མི་དམངས་དངུལ་ཁང་གི་ལས་སྒྲོམ་དང་། དྲ་ཐོག་དངུལ་ཁང་། ལག་ཐོགས་ཁ་པར་གྱི་དངུལ་ཁང་། ཐད་བཙོང་དངུལ་ཁང་། རྒྱང་ཁྲིད་བརྙན་ལམ་གྱི་སྒྲོམ་ཞབས་འཕྲུལ་འཁོར་དང་རིག་སྟོབས་སྒྲོམ་ཞབས་འཕྲུལ་འཁོར་སོགས་ཀྱི་གློག་རྡུལ་ཐབས་ལམ་སྤྱད་དེ་མི་སྒེར་གྱི་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་བཟོ་བ་སོགས་ཀྱི་ལས་སྒོ་གཉེར་བ་དང་། དེ་མིན་དངུལ་ཁང་གིས་2018ལོའི་ལོ་མཇུག་གོང་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གཉིས་ནས་རྩིས་ཐོ་བཟོ་བའི་འགྲོ་ལུགས་སྟབས་བདེ་པོ་ཡོད་ཅིང་། 《བརྡ་ཐོའི་》ནང་མི་སྒེར་གྱིས་གྲངས་འཛིན་ལག་ཁྱེར་རམ་ཡང་ན་གློག་རྡུལ་མིང་རྟགས་འགོད་པ་སོགས་ཀྱི་བདེ་འཇགས་བློ་འགེལ་གྱི་ར་སྤྲོད་ཐབས་ལམ་ལ་བརྟེན་ནས་གློག་རྡུལ་ཐབས་ལམ་ཐོག་ཞུགས་ནས་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་བཟོ་བའི་སྐབས་གལ་ཏེ་མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོ་རིགས་དང་པོའམ་ཡང་ན་ཡིད་རྟོན་གཱའི་རྩིས་ཐོ་མཉམ་དུ་བཟོས་པ་མ་ཟད་མི་སྒེར་གྱི་ཐོབ་ཐང་དཔྱད་གཞིའི་ཡིག་རིགས་སམ་ཡང་ན་ཆ་འཕྲིན་ལ་འགྱུར་བ་བཏང་མེད་ཚེ་རྩིས་ཐོ་རིགས་གཉིས་པ་དང་གསུམ་པ་བཟོ་བའི་སྐབས་མི་སྒེར་གྱི་ཐོང་ཐང་ཆ་འཕྲིན་དང་ཐོབ་ཐང་ལག་ཁྱེར་སྟོན་མི་དགོས་པ་དང་། མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནུས་ལྡན་དང་དུས་མཚུངས་རྩིས་ཐོ་བཟོ་བའི་ཉམས་མྱོང་ཟབ་ཏུ་ཆེས་ཆེར་ཕྱིན་ཡོད་པ་རེད།