མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུའུ་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་དྲ་རྒྱའི་བར་ཚོང་གི་ཁྲིམས་འགལ་ཉེས་
གསོག་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་1ཚེས་17ཉིན་འཚོགས་པའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་བཟོ་ཚོང་སྡེ་ཚན་གྱིས་མཉམ་དུ་དྲ་རྒྱའི་བར་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཅོས་སྒྲིག་བྱེད་པའི་ལས་ཀའི་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། སྤྱི་བདེ་པུའུ་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ་དྲ་རྒྱའི་བར་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། དྲ་རྒྱའི་བར་ཚོང་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ཉེན་ཁར་དོགས་ཟོན་དང་ཉེན་ཁ་སེལ་བའི་དུས་བབ་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་དཔལ་འབྱོར་དང་དངུལ་རྩའི་སྒྲིག་ལམ་ཡག་པོ་སྲུང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
          ད་རེས་ཀྱི་མཉམ་འབྲེལ་བཅོས་སྒྲིག་བྱ་སྤྱོད་ནང་གཤམ་གསལ་གྱི་དྲ་རྒྱའི་བར་ཚོང་གི་བྱེད་སྤྱོད་རིགས་བཞི་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་སྟེ། གཅིག་ནི“འཛད་སྤྱོད་བྱས་ནས་ཁེ་བཟང་སྤྲོད་པ”དང“མ་དངུལ་ཐོག་ནས་རོགས་རེས་བྱེད་པ”“འདྲ་བཟོའི་དངུལ་ལོར”“མ་འཇོག་དང་རྒྱུ་ནོར་བདག་གཉེར”“དྲ་རྒྱའི་རོལ་རྩེད”སོགས་ལ་ཁ་བཏགས་ནས་དྲ་རྒྱའི་བར་ཚོང་བྱེད་སྤྱོད་དང་། གཉིས་ནི“དགེ་སྒྲུབ”དང“དབུལ་སྐྱོར”“གསར་གཏོད”“མཉམ་ཕྱུག”“དམག་དམངས་མཉམ་འདྲེས”སོགས་ལ་ཁ་གཡར་ཏེ་རྐང་བཙུགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་འཁྱོག་བཤད་བྱས་པའི་དྲ་རྒྱའི་བར་ཚོང་བྱེད་སྤྱོད། གསུམ་ནི་སློབ་མ་དང་། མ་མཐའི་འཚོ་བའི་འགན་ལེན། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་གནོད་འཚེ་བཏང་བའི་དྲ་རྒྱའི་བར་ཚོང་བྱེད་སྤྱོད། བཞི་ནི་རྒྱལ་མཚམས་སྒྲོལ་ཏེ་ལག་ལེན་བསྟར་བའི་དྲ་རྒྱའི་བར་ཚོང་བྱེད་སྤྱོད་བཅས་ཡིན། དེ་དང་ཆབས་ཅིག་དྲ་རྒྱའི་བར་ཚོང་རྩ་འཛུགས་ཀྱི་ཁོངས་མི་གཙོ་བོ་དང་། གཙོ་རྐང་མི་སྣ། “ལས་རིགས་ཅན”གྱི་མི་སྣ་བཅས་དང་དེ་བཞིན་མ་དངུལ་སྤོ་སྒྱུར་བྱེད་རོགས་མཁན་དང་དྲ་ཚིགས་ཇུས་འགོད་དང་ཉམས་གསོ་བྱེད་མཁན་གྱི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།