མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལྕགས་ལམ་སྤྱི་བདེ་ཡིས་འགྲུལ་པ་ཕྱིར་སྐྱོད་ཀྱི"དྲན་ཐོ"ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་ཁྱིམ་དུ་ལོག་པར་འདོད་སེམས་ཆེ་བའི་དབང་གིས་འགྲུལ་པ་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་འགྲོ་འོང་བྱེད་བཞིན་པའི་ཁྲོད་འགྲུལ་པ་ཁག་གཅིག་གིས་སྣང་མེད་ལྷོད་གཡེང་དང་ཧ་རེ་ཧུ་རེ་བྱས་པ་ལས་རྡོག་ཆས་ལུས་པ་དང་བརླག་པ་སོགས་ཡོང་གི་ཡོད།
        མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་ཁང་ནི་འགྲུལ་པས་རྡོག་ཆས་དང་དངོས་ཟོག་ལུས་མང་ཤོས་ཀྱི་ས་ཆ་ཞིག་རེད། ཟླ་2ཚེས་6ཉིན་གྱི་ཆུ་ཚོད་20པར་ཞུས་ཀྲོའུ་ལྕགས་ལམ་སྤྱི་བདེ་ཁྲུའི་ཞུས་ཀྲོའུ་བབས་ཚུགས་མངགས་གཏོང་ཁང་ལས་སྒྲུབ་རུ་ཆེན་བཞི་པའི་སློབ་སྟོན་པ་ཝང་ཡུང་ལིང་དང་མི་དམངས་ཉེན་རྟོག་པ་སུན་ཕུང་གཉིས་ཀྱིས་བདེ་འཇགས་ཞིབ་བཤེར་ཁྲུའུ་རུ་སྐོར་ཞིབ་བྱེད་སྐབས་མི་དམངས་ཤོག་སྒོར་4000དང་། དངུལ་ཁང་གི་གཱ་7 འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་1བཅས་བླུགས་པའི་དངུལ་ཁུག་ཅིག་རྙེད་པ་དང་མི་དམངས་ཉེན་རྟོག་པས་གང་སར་བཙལ་འཚོལ་བྱས་པ་བརྒྱུད་འཕྲལ་མར་དངུལ་ཁུག་དེ་མེ་འཁོར་ནང་འཛུལ་བའི་སྤ་སེ་ཞིབ་བཤེར་བྱེད་བཞིན་པའི་འགྲུལ་པ་དེར་སྤྲོད་ཐུབ་པ་བྱུང་བ་རེད།
         བདེ་འཇགས་ཞིབ་བཤེར་བྱེད་ཡུལ་ཕུད་ད་དུང་སྤ་སེ་འཚོང་སའི་སྒེའུ་ཁུང་དང་རང་འགུལ་ངང་སྤ་སེ་ལེན་སའི་འཕྲུལ་ཆས་ཀྱི་འགྲམ་དང་དེ་བཞིན་མེ་འཁོར་སྒུག་ཁང་གི་སྡོད་སའི་འོག་དང་། གསང་སྤྱོད་ནང་། ཚོང་ཁང་གི་ཚོང་སྒྲོམ་སོགས་སུའང་འགྲུལ་པས་རྡོག་ཆས་དང་དངོས་ཟོག་ལུས་མང་བའི་ས་ཆ་ཡིན་པ་རེད། ཟླ་2ཚེས་5ཉིན་ཀུའེ་དབྱང་དུ་སྡོད་མཁན་མཁྱེན་ལྡན་མ་ཧྥན་ལགས་ལ་ཀོང་ཀྲོའུ་རུ་སྐྱོད་པའི་མེ་འཁོར་ཐོག་ཀུའེ་དབྱང་བབས་ཚུགས་བྱང་མའི་མངགས་གཏོང་ཁང་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་བོར་དངོས་ངོས་འཛིན་རྩིས་ལེན་བྱེད་རྒྱུའི་ཁ་པར་ཞིག་འབྱོར་སྐབས་གཡང་ཊིའི་ལག་གདུབ་གཉིས་དང་དེ་བཞིན་མཛེས་འཆོས་བྱུག་རྫས་བླུགས་པའི་ཁུག་མ་དེ་སྤ་སེ་འཚོང་སའི་སྒེའུ་ཁུང་ཐོག་ལུས་པ་གཞི་ནས་དྲན།
         འགྲུལ་པས་མེ་འཁོར་ཐོག་ས་ཆ་ཁག་གཅིག་ཏུ་རྡོག་ཆས་དང་དངོས་ཟོག་ལུས་བདེ་པོ་ཡོད་པ་དཔེར་ན། རྡོག་ཆས་འཇོག་ས་དང་། ཟ་ཁང་གི་རྐུབ་སྟེགས་འོག གསང་སྤྱོད་ཀྱི་ཅ་ལག་འགེལ་སའི་ཐོག གདོང་འཁྲུ་སའི་སྟེགས་བུ། ཉལ་ཁྲི་ཡོད་པའི་འཁོར་ཁང་གི་སྔས་མགོ་དང་ཉལ་ཁྲིའི་འོག་བཅས་དང་ད་དུང་མྱུར་བགྲོད་མེ་འཁོར་གྱི་སོད་སའི་འོག་སོགས་ལྟ་བུའོ། ཟླ་2ཚེས་6ཉིན་འགྲུལ་པ་ཞིག་ཁྲང་ཧྲ་རུ་མེ་འཁོར་བབས་ནས་ཆུ་ཚོད་ཁ་ཤས་སོང་རྗེས་དངུལ་སྨར་སྒོར་17800དང་། ལག་ཐོགས་ཁ་པར་གཅིག དངུལ་ཁང་གི་གཱ་17 ཚོགས་མིའི་བྱང་བུ་སོགས་བླུགས་པའི་རྒྱབ་ཁུག་དེ་ནན་ཁྲང་བབས་ཚུགས་ནུབ་མ་ནས་པེ་ཅིང་བབས་ཚུགས་ནུབ་མར་སྐྱོད་མཁན་མེ་འཁོར་ཐེངས་གྲངས་G486གི་རྡོག་ཆས་འཇོག་སའི་ཐོག་ལུས་པ་གཞི་ནས་དྲན་པ་དང་ཧྲེ་ཅ་ཀྲོང་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་ཉེན་རྟོག་པར་ཉེན་བརྡ་འབྱོར་རྗེས་འཚོལ་བཤེར་བྱས་པ་བརྒྱུད་དངོས་ཟོག་དེ་དག་རྙེད་པ་རེད།
         མེ་འཁོར་བབས་ཚུགས་དང་མེ་འཁོར་ཕུད་ད་དུང་འགྲུལ་པ་ཁག་གཅིག་གིས་རྡོག་ཆས་མེ་འཁོར་བབས་ཚུགས་སུ་སྐྱོད་པའི་བོགས་གཏོང་རླངས་འཁོར་ཐོག་ལུས་ཀྱི་ཡོད། ཟླ་2ཚེས་7ཉིན་ཧྲན་ཤིས་ཞིང་ཆེན་ཐའེ་ཀུའུ་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་ཁང་དུ་ཧྲན་ཤིས་ཞིང་ཆེན་ཅི་ཀྲུང་གྲོང་ཁྱེར་དུ་སྡོད་མཁན་མཁྱེན་ལྡན་མ་ཝང་ལགས་ཀྱིས་ཐའེ་ཡོན་ལྕགས་ལམ་སྤྱི་བདེ་ཅུས་ཐའེ་ཀུའུ་མེ་འཁོར་བབས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝང་དབྱིང་ཅེ་ལ་བྲེལ་འཚུབ་ཆེ་བའི་དབང་གིས་དངུལ་སྨར་སྒོར་3500དང་རིན་གོང་སྒོར་6000རི་བའི་གསེར་དངུལ་གྱི་རྒྱན་ཆ་ཞིག་བོགས་གཏོང་རླངས་འཁོར་ཐོག་ལུས་འདུག་ཅེས་བརྗོད་པས་མི་དམངས་ཉེན་རྟོག་པས་འཕྲལ་མར་ལྡིར་སོ་སྤྲོད་ཆས་ཀྱི་བརྙན་ལམ་ལ་བལྟས་ནས་བརྟག་དཔྱད་བྱས་པ་བརྒྱུད་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་རྙེད་དེ་མཁྱེན་ལྡན་མ་ཝང་ལགས་ཀྱི་བོར་དངོས་ཚང་མ་ཚུར་རག་པ་རེད།
       ད་དུང་འགྲུལ་པ་ཁག་གཅིག་གིས་ཕྱིར་སྐྱོད་ཀྱི་ལམ་ཐོག་ཏུ་ཧ་རེ་ཧུ་རེ་ཚ་དྲག་ཏེ་སྤ་སེ་ལེན་ས་ནས་སྤ་སེ་ཚང་མ་ལེན་མ་ཚར་བར་བྲེལ་འཚུབ་ངང་སྐྱོད་པ་སོགས་ལྟ་བུའོ། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་15པར་འགྲུལ་པ་ལི་ལགས་ཀྱིས་ཧྲན་ཐོའུ་བབས་ཚུགས་ཀྱི་རང་འགུལ་སྤ་སེ་ལེན་སའི་འཕྲུལ་ཆས་ཐོག་ནས་སྤ་སེ་ལེན་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་མེ་འཁོར་སྤ་སེ་གཅིག་ལུས་པ་དེ་བབས་ཚུགས་ནང་འཛུལ་སྐབས་གཞི་ནས་ཤེས་པ་རེད། ཧུད་ཀྲོའུ་ལྕགས་ལམ་སྤྱི་བདེ་ཁྲུའུ་ཧྲན་ཐོའུ་བབས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཉེན་བརྡ་འབྱོར་རྗེས་ཕྱོགས་མང་པོས་བཙལ་འཚོལ་བྱས་པ་བརྒྱུད་མཐར་སྤ་སེ་འཁྱེར་མཁན་འགྲུལ་པ་གཞན་དེ་རྙེད་པ་རེད།
         རྡོག་ཆས་དང་དངོས་ཟོག་མ་ལུས་པ་དང་བོར་བརླག་མ་སོང་བར་འགྲུལ་པ་བློ་བདེའི་ངང་འགྲོ་སྐྱོད་ཐུབ་ཆེད། ལྕགས་ལམ་སྤྱི་བདེས་རྒྱ་ཆེའི་འགྲུལ་པ་ཚོར་གཅིག་ནས་རྡོག་ཆས་ཀྱི་གྲངས་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་ལྷག་པར་དུ་རྡོག་ཆས་ཆུང་གྲས་ཁག་གཅིག་ལུས་བདེ་པོ་ཡོད་པ་དང་། གཉིས་ནས་སྤ་སེ་ཉོ་བ་དང་ལེན་སྐབས་ལག་ཐོགས་ཁ་པར་དང་། དངུལ་ཁུག ཡུལ་མིའི་ཐོབ་ཐང་ལག་ཁྱེར་སོགས་དངོས་པོ་ཆུང་གྲས་སྤ་སེ་འཚོང་སའི་སྒེའུ་ཁུང་གམ་ཡང་ན་ཉེ་འགྲམ་གྱི་སྒྲོམ་སྟེགས་ཐོག་འཇོག་མི་རུང་བ། གསུམ་ནས་རྡོག་ཆས་ཀྱི་འཐེན་སྒྲོག་ཡག་པོ་འཐེན་ནས་དངོས་ཟོག་མི་ཟགས་པ་བྱེད་དགོས་པ། བཞི་ནས་བདེ་འཇགས་ཞིབ་བཤེར་བྱེད་ས་སྒྲོལ་སྐབས་ངེས་པར་དུ་བདེ་འཇགས་ཞིབ་བཤེར་མི་སྣའི་ཁྲིད་སྟོན་འོག་གོ་རིམ་ལྡན་པའི་ངང་བདེ་འཇགས་ཞིབ་བཤེར་བྱེད་པ་དང་འཚང་ཁ་མི་རྒྱག་པར་རྡོག་ཆས་བདེ་འཇགས་ཞིབ་བཤེར་བྱེད་ཆས་ཀྱི་དཀྱིལ་དུ་འཇོག་གང་ཐུབ་བྱས་ཏེ་རྡོག་ཆས་ཆུང་གྲས་ཁག་གཅིག་བདེ་འཇགས་ཞིབ་བཤེར་ཡོ་ཆས་ཀྱིས་མི་འགོག་པ་བྱེད་དགོས་པ། ལྔ་ནས་སྤ་སེ་ཞིབ་བཤེར་བྱས་ཏེ་བབས་ཚུགས་སུ་སྐྱོད་པ་དང་། མེ་འཁོར་ཐོག་སྐྱོད་པ། མེ་འཁོར་བབས་པ། ཁ་ལག་ཟ་བ་སོགས་བྱེད་སྐབས་ཚང་མར་རྡོག་ཆས་ཚང་ཡོད་མེད་བལྟ་དགོས་པ་དང་རོགས་པ་ཡོད་ཚེ་ཕན་ཚུན་དྲན་སྐུལ་བྱས་ཏེ་རྡོག་ཆས་གཅིག་ཀྱང་མི་ལུས་པ་བྱེད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་ཡོད།