མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བཅའ་ཁྲིམས་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་བྱེད་པ་དང་ཁྲིམས་སྐྱོང་གི་སྟོབས་
ཤུགས་ལ་བརྟེན་ནས་དགུང་སྔོན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་ཏན་ཏིག་སྒྲུབ་པ་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་བྱེད་པ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་དགུང་སྔོན་སྲུང་སྐྱོང་བྱས་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་དང་པོར་སྤེལ་བའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་གྱི་དམིགས་ཡུལ་ནི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དགུང་སྔོན་སྲུང་སྐྱོང་གི་འཐབ་འཛིང་ལ་རྒྱལ་ཁ་ཐོབ་པ་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་པ་དེ་ཡིན། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྲུན་ཐད་ཁྱབ་པ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུའི་འགན་ལེན་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་དགོས། རིམ་ཁག་སྲིད་གཞུང་དང་སྡེ་ཚན་དང་ཁེ་ལས་བཅས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་དང་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བའི་བཅའ་ཁྲིམས་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཀྱི“དེ་བས་ལེགས་སུ་གཏོང་བ་ལས་ཞན་དུ་འགྲོ་མི་རུང་བའི”འགན་འཁྲིའི་མཐའ་ཚད་བརྟན་པོ་སྲུང་དགོས། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་འོས་འགན་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད།