མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཁྲིམས་
འཛུགས་དང་ཁྲིམས་བཟོ་བཅོས་ནང་མཉམ་འདྲེས་བྱ་རྒྱུའི་འཆར་འགོད་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཁྲིམས་འཛུགས་དང་ཁྲིམས་བཟོ་བཅོས་ནང་མཉམ་འདྲེས་བྱ་རྒྱུའི་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
       《འཆར་འགོད་》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་བཅོས་འདོར་འགྲེལ་རྣམ་བཞིའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱ་རྒྱུར་ཤུགས་སྣོན་གྱིས་ཁྲིམས་འཛུགས་པའི་སྟོན་ཕྱོགས་ཁག་དེ་བས་གསལ་པོ་དང་། བླང་བྱ་དེ་བས་ཁ་གསལ། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱེད་དགོས། ལོ་5ནས་10བར་གྱི་དུས་ཡུན་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་བཏིང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         《འཆར་འགོད་》ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ནི། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རིན་ཐང་གི་ཁྲིད་སྟོན་མཐའ་འཁྱོངས། དམངས་ཆེད་ཁྲིམས་འཛུགས་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་བཅས་རེད།
         《འཆར་འགོད་》ནང་ཕྱོགས་དྲུག་ཐད་ཀྱི་ལས་འགན་གཙོ་བོ་གསལ་པོ་བཏོན་པ་སྟེ། གཅིག་ནི་བདག་དབང་ལ་སྲུང་སྐྱོང་དང་། གན་རྒྱར་སྲུང་སྐྱོང་། ཁྲོམ་ར་གཅིག་གྱུར། འདྲ་མཉམ་བརྗེ་རེས། དྲང་གཞག་འགྲན་རྩོད་སོགས་གཞི་རྩའི་སྟོན་ཕྱོགས་སུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དྲང་གཞག་བྱ་རྒྱུ་དེ་ལྟེ་བའི་རྩ་དོན་དུ་བྱས་པའི་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་བདག་དབང་སྲུང་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དམངས་དོན་ཁྲིམས་གཞུང་ཁག་བགོས་རྩོམ་འབྲིའི་རྩོམ་སྒྲིག་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་དམངས་དོན་ཁྲིམས་གཞུང་གི་བསམ་བློའི་བླ་སྲོག་བཏོད་དེ་དམངས་དོན་བྱེད་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་ཀྱི་རྩ་ཁྲིམས་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྩ་ཁྲིམས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་མངོན་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་འཛུགས་སྒྲིག་སྲོལ་ནང་མཉམ་འདྲེས་བྱས་ཏེ་འབྱུང་རྩ་ནས་རིན་ཐང་གི་སྟོན་ཕྱོགས་གསལ་པོ་ཡོང་བའི་འགན་ལེན་བྱེད་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལྟེ་བར་བྱས་པའི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཆ་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག་མི་དམངས་མང་ཚོགས་ཚང་མར་ཁྲིམས་བསྟར་གྱོད་གཞི་མི་རེ་ངོ་རེའི་ཁྲོད་ནས་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པ་ཧུར་ཐག་བྱེད་དགོས་པ། གསུམ་ནི་སྔོན་ཐོན་རིག་གནས་དང་མི་གསོ་སྐྱོང་དང་མིར་གོ་སྐོན་སློབ་གསོ་གཏོང་ནུས་འདོན་སྤེལ་བྱས་ཏེ་རིག་གནས་ཀྱི་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་ལས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་པའི་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་དྲ་སྦྲེལ་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་རྒྱུ་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནི་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་དམངས་འཚོའི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དང་། དོ་སྙོམས་ཅན། ཁྲིམས་འཁོད་ཅན་བཅས་སུ་སྐུལ་འདེད་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་བཅའ་ཁྲིམས་བཟོས་ནས་དྲང་གཞག་དང་། ཚད་ལོན་པ། ནུས་པ་ཆེ་བ་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲིམས་འཛུགས་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ། ལྔ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཤེས་དཔལ་གྱི་བཅའ་ཁྲིམས་ལམ་ལུགས་ནན་པོ་ཞིག་བཟོ་དགོས། ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་བཟོས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ནང་འཇུག་དགོས། འབྲུ་རིགས་བདེ་འཇགས་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་ཧུར་བསྲིས་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་ངང་འཛད་སྤྱོད་བྱེད་པའི་འདུ་ཤེས་དར་སྤེལ་གཏོང་དགོས་པ། དྲུག་ནི་ཀུན་སྤྱོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐད་ཀྱི་ཆེད་དོན་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་ཀུན་སྤྱོད་བླང་བྱ་ཁ་ཤས་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་ཚད་གཞིར་རིམ་སྤོར་བྱེད་དགོས། དཔའ་བོ་དང་སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བཅའ་ཁྲིམས་བཟོས་ནས་དཔའ་བོ་དང་སྔོན་གཤེགས་དཔའ་བོར་གོང་བཀུར་དང་། སྲུང་སྐྱོབ། སློབ་སྦྱོང་། གཅེས་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པ་བྱེད་དགོས། སྤྱི་ཚོགས་ཡིད་རྟོན་མ་ལག་གི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་ཐད་ཀྱི་བཅའ་ཁྲིམས་ཞིབ་འཇུག་གིས་བཟོ་བ་དང་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ལ་བྱ་དགའ་སྤྲོད་པའི་ལམ་སྲོལ་དང་ཁྲིམས་འགལ་དང་ཁ་དན་ཚིག་ལ་མི་གནས་པའི་བྱེད་སྤྱོད་ལ་མཉམ་འབྲེལ་ཐོག་གཅུན་འདོམས་བྱེད་པའི་ལམ་སྲོལ་འཛུགས་དགོས། སྤྱི་དམངས་ཀྱི་ཡ་རབས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བཅའ་ཁྲིམས་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཟོས་ནས་དམངས་ཡོངས་ཀྱིས་ཡ་རབས་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཡ་རབས་སྲོལ་གསར་དར་སྤེལ་གཏོང་དགོས་པ་བཅས་རེད།