མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕུགས་ལ་དམིགས་ནས་ཀྲུང་ཨའི་འབྲེལ་བའི་བརྗོད་བྱ་གཙོ་བོར་དམ་འཛིན་བྱེད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཉེ་ཆར་ཨ་རི་ཕྱོགས་ཀྱི་གཞུང་ཕྱོགས་མི་སྣ་ལ་ལས་རྒྱུན་ཆད་མེད་པར་ལྷོ་མཚོའི་དུས་བབ་ཐད་བསྙད་རྐོ་བ་དང་དབྱེན་སྦྱོར་དཀྲུག་ཤིང་རྒྱག་པའི་གཏམ་བརྗོད་སྤེལ་བ་མ་ཟད། ཨ་རི་ཕྱོགས་ཀྱིས་ད་དུང་མུ་མཐུད་དེ་ལྷོ་མཚོའི་རྒྱུད་དུ་འཐབ་གྲུ་དང་དམག་གྲུ་བཏང་ནས་ཀྲུང་གོའི་མཚོ་འོག་གླིང་ཕྲན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་པས་གཏམ་བརྗོད་དེ་དག་གིས་ལྷོ་མཚོ་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད།
         ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་གཟའ་འཁོར་འདིའི་ནང་ཨ་རིར་འཚམས་འདྲི་གནང་སྐབས་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཁ་ཐེར་ལྷོ་མཚོའི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་ཆུང་གྲས་ཤིག་ཡིན་པས་ཕྱོགས་གཉིས་པོས་ཕུགས་ལ་དམིགས་ནས་དེ་བས་མང་ལ་གལ་འགངས་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་དོ་ཁུར་བྱེད་དགོས་ཞེས་གསུངས།
         ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ་གོང་མར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིར་མཇལ་འཕྲད་གནང་སྐབས་གསུངས་པ་བཞིན་ཀྲུང་ཨ་ཕྱོགས་གཉིས་པོས་འབྲེལ་གཏུག་དང་གླེང་མོལ་མང་ཙམ་བྱེད་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མི་མཐུན་ས་དོ་དམ་ཚོད་འཛིན་འོས་འཚམ་དང་ཐག་གཅོད་ཡག་པོ་བྱས་ཏེ་ཀྲུང་ཨའི་འབྲེལ་བ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གཏོད་པའི་ཡང་དག་པའི་བགྲོད་ལམ་ཐོག་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས།
         ཀྲུང་ཧྭ་མི་རིགས་ནི་སྔར་ནས་བཟུང་ཁ་དན་ཚིག་གནས་དང་འཆམ་མཐུན་ལ་སྣང་ཆེན་དང་ལ་རྒྱ་གོང་བཀུར་གྱི་མི་རིགས་ཤིག་ཡིན་ཞིང་། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་དང་ཕྱི་ཕྱོགས་དོན་དག་ཐག་གཅོད་བྱེད་སྐབས་ཀྱང་སྔ་བར་ཕྱི་གསུམ་དུ་སྤྱི་སྲོལ་སྲུང་བ་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་ཞུ་གི་ཡོད། ལྷོ་མཚོའི་བདག་དབང་དང་འབྲེལ་ཡོད་དབང་ཆའི་ཐད་ཀྱི་ཀྲུང་གོའི་འདོད་ཚུལ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཆགས་པ་ཞིག་ཡིན་པས་ལོ་རྒྱུས་དང་ཁྲིམས་གཞིའི་གཞི་འཛིན་ས་གང་ལེགས་ཡོད།
         ད་ཆའི་ཀྲུང་གོ་བའི་བྱ་བ་སྒྲུབ་སྟངས་ཐད་ལའང་སྔར་བཞིན་ཁྲིམས་མཐུན་དང་། ལུགས་མཐུན། ཚུལ་མཐུན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་ནན་ཧྲ་གླིང་ཚོམ་གྱི་མཚོ་འོག་གླིང་ཕྲན་ཁག་གཅིག་ཏུ་འཛུགས་སྐྲུན་དང་སྒྲིག་བཀོད་སྲུང་སྐྱོང་བྱེད་སྐབས་དགོས་ངེས་ཀྱི་དམག་དོན་འགོག་སྲུང་གི་དགོས་མཁོ་སྐོང་བ་ཕུད། མང་ཆེ་བ་ནི་དམངས་དོན་རིགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་མ་ཟད། ད་དུང་མཚོ་ཐོག་འཚོལ་སྐྱོབ་སོགས་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་འཁུར་རྒྱུར་ཞབས་འདེགས་ཞུ་གི་ཡོད། སྤྱི་པའི་ལུགས་སྲོལ་དང་མཐུན་པའི་བྱ་ཐབས་དེ་རིགས་སྤྱོད་པ་བརྒྱུད་དུས་ཚོད་འགྲོ་བ་དང་བསྟུན་ནས་ལོ་རྒྱུས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ངེས་ཡིན།
         ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་བྱ་ཐབས་ཐད་ནུབ་ཕྱོགས་རྒྱལ་ཁབ་ཚུད་པའི་སྨྱན་སྦྱོར་ཚན་པ་མི་ཉུང་བ་ཞིག་གིས་དོན་དངོས་དང་མཐུན་པའི་གནས་ཚུལ་འགོད་སྤེལ་བྱས་ཤིང་། 《དངུལ་རྩའི་ཚགས་པརག》ཐོག་ཉེ་ཆར་དཔྱད་གཏམ་སྤེལ་ནས་ཀྲུང་གོས་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་བྱས་པ་དེ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་མེད་པ་དང་ཀྲུང་གོས་ནན་ཧྲ་གླིང་ཚོམ་གྱི་བདག་དབང་ཐད་འབོད་ལེན་བྱས་པ་དེའང་ལུགས་དང་མི་མཐུན་པ་ཞིག་མིན་པའི་ངོས་འཛིན་བྱས་ཡོད། ཨ་རིས་ཀྲུང་གོས་ལྷོ་མཚོའི་མཚོ་འགྲུལ་རང་དབང་ལ་ཉེན་ཁ་བཟོ་གི་འདུག་ཅེས་བརྗོད་པའི་རྒྱུ་མཚན་ལ་《རི་པིན་གྱི་སྐབས་བསྟུན་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས་ལྷོ་མཚོའི་ཚོང་ལས་མཚོ་འགྲུལ་ཐད་ཀྲུང་གོ་ཚུད་པའི་བདག་དབང་འབོད་ལེན་རྒྱལ་ཁབ་གང་རུང་གི་ཉེན་ཁ་གང་ཡང་འཕྲད་པར་དཔང་རྟགས་མེད་ཅེས་འཁོད་ཡོད།
         དེ་ལྟར་ཡིན་ཏེ་ང་ཚོས་མཐོང་དགོས་པ་ཞིག་ལ་ལྷོ་མཚོའི་དུས་བབ་ཟང་ཟིང་བཟོ་བ་སོགས་ཀྱི་བྱེད་སྤྱོད་ཕུད། ཨ་རི་ཕྱོགས་ཀྱིས་ད་དུང་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་འདོད་ཚུལ་འཛིན་རྒྱུའི་ནན་བཤད་བྱས་ཡོད། མི་རིང་བའི་གོང་དུ་ཁེ་ལིས་ཀྲུང་གོར་འཚམས་འདྲི་གནང་སྐབས་ཕྱོགས་གཉིས་པོས་སྔར་ལས་ལྷག་པའི་ངང་མཉམ་ལས་བྱེད་ཁྱོན་ཟབ་ཏུ་དང་གཏིང་ཟབ་ཏུ་གཏོང་དགོས་ཞེས་བརྗོད་ཡོད་པ་དང་། ཧྥན་ཁྲང་ལུང་གིས་ད་ཐེངས་ཨ་རིར་འཚམས་འདྲི་གནང་སྐབས་ཨ་རི་ཕྱོགས་ཀྱིས་ད་དུང་ཀྲུང་གོ་ཕྱོགས་ཀྱི་དམག་ཕྱོགས་དང་རྒྱུན་མཐུད་དང་དམ་པ་དོན་གཉེར་གྱི་དམག་དོན་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
         ཨ་རི་ཕྱོགས་ཀྱིས་གཉིས་ཁེ་གཉིས་ཕན་དོན་གཉེར་བྱེད་པའི་བསམ་བློའི་ཐོག་ནས་གོམས་སྲོལ་གྱི་འགྲན་རྒོལ་བྱེད་པའི་བསམ་བློ་གཏོང་སྟངས་དོར་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོང་འཕེལ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད། མུ་མཐའ་མི་མངོན་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཞི་བདེ་མཉམ་གནས་ཐུབ་ལུགས་ལོ་རྒྱུས་ཀྱིས་དཔང་རྟགས་ཐུབ་པ་བྱེད་དགོས། ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེང་ཧན་ཀེན་གྱིས། ༽