མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པུའུ་ཨུད་གསུམ་གྱིས་《འབྲུ་རིགས་གསོག་ཉར་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་
ལས་གྲྭ་འཛུགས་སྐྲུན་གྱི་འཆར་འགོད་(2015——2020)》བཀྲམས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་འབྲུ་རིགས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད་ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འབྲུ་རིགས་ཅུས། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་《འབྲུ་རིགས་གསོག་ཉར་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་ལས་གྲྭ་འཛུགས་སྐྲུན་གྱི་འཆར་འགོད་(2015-2020)》བཀྲམས་པ་རེད། དེ་ནི་འབྲུ་རིགས་འཁོར་རྒྱུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ཐད་ཀྱི་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་དང་པོ་ཡིན། 《འཆར་འགོད་》ནང་སླད་ཕྱིན་རང་རྒྱལ་གྱི་འབྲུ་རིགས་གསོག་ཉར་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་ནུས་པ་འཛུགས་སྐྱོང་གི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད། ལས་འགན་གཙོ་བོ། དེ་བཞིན་སྲིད་ཇུས་བྱེད་ཐབས་བཅས་འཁོད་ཡོད་ཅིང་། དམིགས་ཡུལ་ནི་འབྲུ་རིགས་གསོག་ཉར་དང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་རེད།
           《འཆར་འགོད་》ནང་འབྲུ་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་འབྲུ་རིགས་འཁོར་རྒྱུག་ཁྱབ་ཁོངས་སུ་གནས་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་པ་དང་། “བཏབ་པའི་འབྲུ་རིགས་བཙོང་ཐུབ་པ་དང་བཟའ་འབྲུ་ཉོ་ཐུབ་པའི”འབྲུ་རིགས་འཁོར་རྒྱུག་ལས་དོན་གྱི་མཐའ་ཚད་བརྟན་པོར་སྲུང་བ། ཞིང་པས་འབྲུ་རིགས་བཙོང་དཀའ་བའི་གནད་དོན་མི་ཐོན་པའི་འགན་ལེན་བྱེད་པ། འབྲུ་རིགས་མཁོ་སྤྲོད་བྱེད་མཚམས་ཆད་པ་དང་བཙོངས་ཚར་བའི་གནད་དོན་མི་ཐོན་པའི་འགན་ལེན་བྱེད་པ་བཅས་ཀྱི་ཆེད་དུ་འབྲུ་རིགས་གསོག་ཉར་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་གྱི་ལས་གྲྭ་(གཤམ་དུ“འབྲུ་རིགས་བདེ་འཇགས་ཀྱི་ལས་གྲྭ”ཞེས་བསྡུ་རྒྱུ་ཡིན)ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་འཁོད་ཡོད།
         《འཆར་འགོད་》ནང་ཕྱོགས་5ཡི་ཐད་ཀྱི་དམིགས་ཚད་13ཁ་གསལ་བཟོས་པ་སྟེ། གཙོ་བོར2015ལོའི་ལོ་མཇུག་གོང་གཅིག་སྡུད་ཐོག་ཤོང་ཚད་རྒྱ་མ་དུང་ཕྱུར་1000གི་མཛོད་ཁང་གསར་དུ་བསྐྲུན་རྒྱུའི་ལས་འགན་ལེགས་པར་བསྒྲུབས་ནས་ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་འབྲུ་གསོག་ཆེད་ལས་དུད་གྲངས་ཁྲི་1000ཟིན་པ་བྱ་རྒྱུ་དང་། 2017ལོར་རྒྱལ་ཡོངས་ཀྱི“འབྲུ་མཛོད་རྙིང་གོག”ཉམས་གསོ་སྒྱུར་བཀོད་ལེགས་སྒྲུབ་བྱ་རྒྱུ། 2020ལོར་གཞི་རྩའི་ཆར་ཕྱི་རོལ་འབྲུ་ཉར་མེད་པ་བཟོས་ནས་འཕྲལ་སྡོམ་མཁོ་སྤྲོད་ཀྱི་གནས་ཁྲི་5ཟིན་རྒྱུ་དང་འཕྲལ་སྡོམ་ལས་སྣོན་ཁེ་ལས་ཁྲི་0.6ཟིན་རྒྱུ། འབྲུ་རིགས་སྡེབ་ཚོང་ཁྲོམ་ར་312བསྐྱར་སྐྲུན་བྱ་རྒྱུ། ས་ཁོངས་རང་བཞིན་གྱི་སྡེབ་སྐྱེལ་ལྟེ་གནས་531བསྐྱར་སྐྲུན་བྱ་རྒྱུ། རྒྱལ་ཁབ་འབྲུ་རིགས་སྤུས་ཚད་ལྟ་སྐུལ་ཚད་ལེན་སྒྲིག་གཞིའི་གྲངས་འབོར་500ཟིན་རྒྱུ། འབྲུ་རིགས་སྤུས་ཚད་བདེ་འཇགས་ཉེན་ཁའི་ལྟ་སྐུལ་ཚད་ལེན་གྱི་གནས་2500ཟིན་རྒྱུ། རྒྱལ་ཁབ་འབྲུ་རིགས་ཆ་འཕྲིན་ཐད་ཞུའི་ས་ཚིགས་2000བར་མང་དུ་གཏོང་རྒྱུ། འབྲུ་རིགས་མཁོ་སྤྲོད་དོ་སྙོམས་དཔེ་འཐེན་བརྟག་དཔྱད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དུད་ཚང་ཁྲི་20ཟིན་རྒྱུ། ལོའི་འབྲུ་རིགས་ཐོན་སྐྱེད་བྱས་རྗེས་འཁོར་རྒྱུག་ལྷུ་ཚིགས་སུ་ལོ་རེར་གྱོང་གུན་ཕོག་ཚད་དང་འཕྲོ་བརླག་འགྲོ་ཚད་ཏུན་ཁྲི་1300ཡན་ཉུང་དུ་གཏོང་རྒྱུ་བཅས་ཚུད་ཡོད།