མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕྱག་ཡིག་སྤྲིངས་ནས་སྐབས་22པའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་
འགོ་ཚུགས་པར་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན་སྐབས་22པའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་དེ་ཧྲན་ཏུང་ཅི་ནན་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་ཏེ་ཚོགས་འདུ་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་རྒྱལ་སྤྱིའི་ལོ་རྒྱུས་སློབ་ཚོགས་ཀྱི་ཀྲུའུ་ཞི་མཁྱེན་ལྡན་མ་མ་ལི་ཡ་ཐ·ཤིས་ཡེ་ཐ་ལ་སོགས་ཚོགས་འདུར་ཞུགས་མཁན་ལོ་རྒྱུས་རིག་པ་མཁས་ཅན་ཚོར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུ་དེ་སྤྱི་ཚོགས་ཚན་རིག་མཐའ་དག་གི་རྨང་གཞི་ཡིན་པ་དང་། “རང་བྱུང་གནས་ཚུལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་པ་དང་། གནའ་རབས་ནས་ད་བར་གྱི་འཕོ་འགྱུར་མཐའ་དག་རྟོགས་པར་བྱེད་པའི”ལས་སྐལ་འཁུར་ཡོད། ལོ་རྒྱུས་ལ་སྣང་ཆེན་དང་། ལོ་རྒྱུས་ཞིབ་འཇུག ལོ་རྒྱུས་དཔྱད་གཞིར་འཛིན་པ་བཅས་བྱས་ཚེ་མིའི་རིགས་ལ་སྔོན་ཆད་ཤེས་རྟོགས་དང་། དེང་དུས་ཁོང་དུ་ཆུད་པ། འབྱུང་འགྱུར་གསར་གཏོད་བཅས་བྱེད་པའི་བློ་གྲོས་མང་པོ་སྦྱིན་ཐུབ་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་བས་གནའ་སྔ་མོ་ནས་བཟུང་ལོ་རྒྱུས་ཞིབ་འཇུག་ལ་སྣང་ཆེན་བྱེད་པ་དང་ལོ་རྒྱུས་དཔྱད་གཞིར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱི་ཡོད་པས་ང་ཚོའི་མེས་པོས་ལོ་རྒྱུས་ཀྱི་དཔེ་གཞུང་ཕུན་སུམ་ཚོགས་པོ་བཞག་ཡོད། རྒྱལ་ཁབ་དང་མི་རིགས་ཚང་མར་རང་ཉིད་ཀྱི་འཕེལ་རྒྱས་འཕེལ་རིམ་ཡོད་པར་བརྟེན་ཕན་ཚུན་གྱི་གདམ་གར་བརྩི་འཇོག་བྱེད་པ་དང་ཕན་ཚུན་དབར་གྱི་ཤེས་རྟོགས་གཏིང་ཟབ་ཏུ་བཏང་ཚེ་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པར་ཕན་པ་ཡོད། ད་ཐེངས་ཀྱི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཁག་གི་ལོ་རྒྱུས་ཞིབ་འཇུག་ལ་སྐུལ་མ་གཏོང་བ་དང་མི་རྣམས་ཀྱིས་ལོ་རྒྱུས་ཀྱི་བློ་སྒོ་ཕྱེ་བའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་བཙལ་འཚོལ་བྱེད་རོགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོར་མུ་མཐུད་འཕེལ་རྒྱས་ཀྱི་ཤེས་དཔལ་ལོ་རྒྱུས་ལོ་ངོ་5000ལྷག་ཙམ་ལྡན་ཡོད་པས་ལོ་རྒྱུས་ལྡན་པའི་ཀྲུང་གོར་ལྟ་ཞིབ་བྱ་རྒྱུ་དེ་དེང་རབས་ཀྱི་ཀྲུང་གོར་ལྟ་ཞིབ་བྱེད་ཕྱོགས་གལ་ཆེན་ཞིག་རེད། ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་མི་ཐུབ་པ་དང་ལྷག་པར་དུ་ཉེ་དུས་ནས་བཟུང་གི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་མ་ཐུབ་ན་དེང་དུས་ཀྲུང་གོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་། དེང་དུས་ཀྲུང་གོ་མི་དམངས་ཀྱི་འདུན་པ་དང་ཕུགས་བསམ། ཀྲུང་གོ་མི་དམངས་ཀྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་བཅས་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་ཧ་ཅང་ཁག་པོ་ཡོད། ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འབུངས་བྱེད་བཞིན་ཡོད་པས་ལོ་རྒྱུས་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་པ་དང་རྒྱལ་ཁབ་ཁག་གི་ཤེས་དཔལ་གྱི་ལེགས་ཆ་བསྡུ་ལེན་བྱེད་དགོས། རིགས་གཅིག་མཁས་ཅན་རྣམ་པ་ཚོས་ལོ་རྒྱུས་ཀྱི་མྱོང་ཚོར་ལས་ང་ཚོར་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མཁོ་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཞིས་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་ཀློག་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཁོང་གིས་ཀྲུང་གོའི་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ནི་ཡར་བསྐྱེད་ལྷོད་མེད་ཀྱི་འབད་འཐབ་ལོ་རྒྱུས་དང་། ཞི་བདེ་བརྩོན་ལེན་གྱི་འཕེལ་རྒྱས་ལོ་རྒྱུས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྤེལ་རེས་ལོ་རྒྱུས་བཅས་ཡིན་པ་དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ལྡན་པའི་རིག་གནས་གཞི་རྐྱེན་གཏོད་པ་དང་དེང་རབས་ཀྲུང་གོའི་རིན་ཐང་འདུ་ཤེས་དང་། ལམ་ལུགས་ཀྱི་གདམ་ག འཕེལ་རྒྱས་ཀྱི་ལམ་བུ་བཅས་ཆགས་ཡོད་ཅེས་གསུངས་པ་རེད། ཁོང་གིས། རྒྱལ་ཁབ་ཁག་གི་མཁས་དབང་ཚོས་སྤེལ་རེས་དང་། སྐད་ཆ་ཤོད་རེས། རྒྱུན་འཛིན། གསར་གཏོད་བཅས་བྱས་པ་བརྒྱུད་རྒྱལ་སྤྱིའི་དབར་གྱི་རིག་གཞུང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཤེས་དཔལ་སྣ་མང་ཞི་མཐུན་མཉམ་གནས་ལ་སྐུལ་མ་གཏོང་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         མ་ལི་ཡ་ཐ·ཤིས་ཡེ་ཐ་ལ་ཡིས་ཤིས་ཚིག་གསུང་སྐབས། ཀྲུང་གོའི་རིག་གནས་དང་རྒྱལ་ཁབ་གཞན་གྱི་རིག་གནས་སྤེལ་རེས་དང་མཉམ་འགུལ་བྱེད་པར་ཕྱིར་མིག་བལྟས་ནས། ཀྲུང་གོ་སྲིད་གཞུང་གིས་དར་སྤེལ་གཏོང་བའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་དེས་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད། ཁོང་གིས། སྐབས་དེའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་དེས་རིག་གནས་མི་འདྲ་བ་རྒྱལ་ཁབ་ལས་བརྒལ་ནས་སྤེལ་རེས་བྱེད་པར་སྐུལ་མ་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།
         1900ལོར་འགོ་ཚུགས་པའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་དེ་ལོ་ལྔ་རེར་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་ཤོས་ཀྱི་ལོ་རྒྱུས་རིག་པའི་ཚོགས་ཆེན་གཟབ་རྒྱས་ཤིག་ཡིན་པ་རེད། རྒྱལ་སྤྱིའི་ལོ་རྒྱུས་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་ལོ་རྒྱུས་རིག་པ་མཐུན་ཚོགས་དང་ཧྲན་ཏུང་སློབ་ཆེན་གྱིས་གཉེར་འགན་ཁུར་བའི་སྐབས་དེའི་ཚོགས་ཆེན་ནི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་ཨེ་ཤེ་ཡ་རྒྱལ་ཁབ་ལ་ཐོག་མར་འཚོགས་པ་ཞིག་ཡིན་པ་རེད། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་90ནས་ཡོང་བའི་འཐུས་མི་2600ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།