མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་སྐབས་2020ལོར་སླེབས་སྐབས་རྒྱལ་ཡོངས་
དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་
དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་སྐབས་2020ལོར་སླེབས་སྐབས་རྒྱལ་ཡོངས་
དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་
དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ནས་ཚེས་15ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་རང་ལྗོངས་ཀྱི་ལྷ་ས་དང་ནག་ཆུ་སོགས་སུ་ཕེབས་ནས་དབུལ་སྐྱོར་གསར་སྤེལ་དང་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གཏིང་ཟབ་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་སྤྲོད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་གནད་སྨིན་དབུལ་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་བ་དང་བོད་ལྗོངས་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཅང་ཙེ་ལིན་དང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ། ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱི་ཅུས་ཀྲང་ཀྲེང་གོ་ཀོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་བཅས་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
         རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་སོགས་བརྟག་ཞིབ་བམ་ཡང་ན་བཞུགས་མོལ་ཚོགས་འདུར་ལྷན་དུ་ཕེབས་ཡོད་པ་རེད།
         དབང་དབྱང་གིས་ལོ་མང་གོང་རྟོག་ཞིབ་གནང་མྱོང་བའི་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཐུགས་ལ་སྔ་ཕྱི་བར་གསུམ་དུབཅངས་བཞིན་ཡོད་པ་རེད།
         ནག་ཆུ་ས་ཁུལ་གནམ་གཤིས་ལས་ཁུངས་ནི་རྒྱལ་ཁབ་ཀྱི་གཙོ་གནད་གནམ་གཤིས་བརྟག་ཞིབ་ཚད་ལེན་རྟེན་གཞི་ཞིག་ཡིན་ལ་འཛམ་གླིང་གི་ཁྱོན་དུ་ས་བབ་མཐོ་ཤོས་ཡིན་པའི་ས་ཁུལ་གྲོང་ཁྱེར་རིམ་པའི་གནམ་གཤིས་བརྟག་ཞིབ་ཚད་ལེན་ས་ཚིགས་ཤིག་ཀྱང་རེད། དབང་དབྱང་དེ་ཁུལ་དུ་ཕེབས་སྐབས་ས་མཐོའི་གནམ་གཤིས་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ནག་ཆུ་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱི་ལས་དོན་སྙན་སེང་གསན་པ་རེད། དབང་དབྱང་གིས་བོད་ཀྱི་གནམ་གཤིས་ཞབས་ཞུ་དང་སྣོད་བཅུད་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
         ནག་ཆུ་ས་ཁུལ་གྱི་དེང་རབས་ཅན་རྩྭ་རའི་འབྲོག་ལས་དཔེ་སྟོན་རྟེན་གཞི་2011ལོར་སྐྲུན་འགོ་ཚུགས་པ་དང་། རྟེན་གཞིས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྤུས་ལེགས་ཚན་ཞིབ་སྟོབས་ཤུགས་དང་ཚན་རྩལ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་པ། འགག་རྩ་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་དང་། འདུས་གྲུབ། ཚོད་ལྟ། དཔེ་སྟོན་སོགས་ཀྱི་ལས་དོན་སྤེལ་ཡོད། རྒྱུད་བཟང་འབྲི་གཡག་འདེམས་གསོ་ར་བའི་ནང་ཉང་གཡག་དང་བོན་ཐ་སོགས་རྒྱུད་བཟང་འབྲི་གཡག་ཤ་ཤེད་རྒྱས་ལ་གཟུགས་སྟོབས་ཆེ་བ་ཞིག་ཡོད་པ་རེད། དབང་དབྱང་གིས་ནན་ཏན་གཟིགས་བཞིན་དུ་འབྲི་གཡག་རྒྱུད་པ་ལེགས་བཅོས་ཀྱི་དུས་ཚོད་དང་ཁྱབ་གདལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དེ་རྗེས་དབང་དབྱང་དང་བཅས་པས་མི་བཟོས་རྩྭ་རའི་རྩྭ་འདེབས་ཚོད་ལྟ་དཔེ་སྟོན་རྟེན་གཞིར་རྟོག་ཞིབ་གནང་བ་དང་། དེ་རྗེས་དབང་དབྱང་དང་བཅས་པས་མིས་བཟོས་རྩྭ་རའི་རྩྭ་འདེབས་ཚོད་ལྟ་དཔེ་སྟོན་རྟེན་གཞིར་རྟོག་ཞིབ་གནང་བ་རེད།
          ལྷས་རའི་གསོ་ཚགས་ལག་རྩལ་གྱིས་སྲོལ་རྒྱུན་འབྲོག་ལས་ཀྱི“ཐོན་འབབ་དམའ་བ་དང་། ལས་ཕྱོད་ཆུང་བ། རིམ་པ་དམའ་བ”བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་བཞོན་མ་ནུས་ཆེའི་གསོ་ཚགས་དང་བཞོན་མའི་འོ་ཐོན་དུས་སྐབས་སྲོལ་རྒྱུན་གྱི་ཉིན་གྲངས་220ནས་450བར་རིང་དུ་ཕྱིན་པ་དང་བཞོན་མ་རེ་ནས་འོ་མ་ཐོན་ཚད་ལྡབ་2.3བར་མཐོ་རུ་ཕྱིན་ཡོད་པ་རེད། རྩྭ་རའི་དེང་རབས་ཅན་གྱི་འབྲོག་ལས་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་ལུགས་མཁྱེན་སྐབས། དབང་དབྱང་དགྱེས་ཚོར་ཆེན་པོ་བྱུང་ནས་ལག་ཐོགས་ཞལ་པར་སྣོམ་བཞིན་འབྲི་གཡག་གསོ་ཚགས་བྱེད་སྟངས་པར་བསྐྱོན་པ་རེད།
         དཔེ་སྟོན་རྟེན་གཞིས“དཔེ་སྟོན་རྟེན་གཞི་དང་དུད་ཚང་དབུལ་པོ་ཟུང་དུ་སྦྲེལ་བའི”དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། ཞིང་འབྲོག་པ་དུད་ཚང་དབུལ་པོ་40ཡི་མིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པའི་གནས་ཚུལ་གསན་རྗེས། དབང་དབྱང་གིས་དེའི་ཐད་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གི་འཁྲིས་སུ་ཡོད་པའི་དཀའ་ངལ་ཡོད་པའི་དུད་ཚང་གི་ལས་ཞུགས་མི་སྣ་བསམ་གྲུབ་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
         ཚེས་14ཉིན་དབང་དབྱང་གིས་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྟོག་ཞིབ་གནང་བ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲེ་ཀྲའོ་ས་གཙང་སྣོད་བཅུད་ཐོན་ལས་གླིང་ཁུལ་དུ་དབང་དབྱང་དང་བཅས་པས་དང་ཐོག་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་རྟེན་གཞིར་ཕེབས་ནས་གསོ་ཚགས་ཀྱི་གཞི་ཁྱོན་དང་། གསོ་ཚགས་ལག་རྩལ། གཉེར་སྐྱོང་བྱ་ཐབས་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་ཁར། ས་ཆ་དངོས་སུ་བཞོན་མ་གསོ་ཚགས་བྱེད་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཚན་ཞིབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། བོད་ཀྱིས་དེའི་ཐད་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཞོན་མའི་རྒྱུད་པ་ལེགས་སུ་གཏོང་བ། འབྲོག་ལས་གྲུབ་ཆ་ལེགས་སུ་གཏོང་བ། གསོ་ཚགས་ཕན་འབྲས་ཆེ་རུ་གཏོང་བ། ཞིང་འབྲོག་པར་འབབ་འཕར་དང་ཁེ་ལས་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ་དང་དུས་མཚུངས། ཚན་རིག་དང་མཐུན་པའི་ངང་བཞོན་མའི་ལྕི་བ་ཐག་གཅོད་ཡག་པོ་བྱས་ནས་འཁོར་རྒྱུག་བེད་སྤྱོད་དང་། ཕན་འབྲས་ཆེར་གཏོང་། སྦགས་བཙོག་མི་ཕོག་པ་བཅས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧེང་ཕུང་ཟོག་འགྲེམས་ལྟེ་གནས་སུ་སྔོ་ཚལ་སོས་པ་དང་། ཁྱད་ལྡན་ཤིང་འབྲས། སྒོ་ང་དང་ཤ་རིགས་འོ་མ། འབྲུ་སྣུམ་བཟའ་བཅའ། ཆུ་ཐོན་ཐོན་རྫས་དང་མེ་ཏོག་བཅས་ཞིང་ཞོར་ཐོན་རྫས་ཟོག་འགྲེམས་ཁུལ་ཆེ་གྲས་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། དབང་དབྱང་དང་བཅས་པ་དེ་གར་ཕེབས་ནས་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་དང་། འདེབས་རྩལ། འཁོར་རྒྱུག་ལྷུ་ཚིགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད། མང་ཚོགས་དབུལ་པོ་དུད་ཚང་33ས་ཞིང་ལ་བརྟེན་ནས་མ་རྐང་ནང་ཞུགས་པ་དང་། ལོ་ལྟར་དུད་ཚང་རེར་ཁེ་སྤོགས་སྒོར་4700ལྷག་ཙམ་རག་པ་དང་དུས་མཚུངས། ཟོག་འགྲེམས་ལྟེ་གནས་སུ་ལས་ཀ་བྱས་ནས་གླ་ཆ་རག་ལུགས་མཁྱེན་རྟོགས་བྱུང་སྐབས། དབང་དབྱང་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ས་ཞིང་ལ་བརྟེན་ནས་མ་རྐང་ནང་ཞུགས་པའི་དབུལ་སྐྱོར་བྱེད་སྟངས་ལས། གཞི་ཁྱོན་གྱི་གཉེར་སྐྱོང་བྱེད་སྟངས་མངོན་འགྱུར་ཐུབ་ནས་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་ཕྱིན་པ་དང་། ཁེ་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། ཕྱོགས་མང་པོར་གཉིས་ཁེ་བྱུང་ཡོད་པས་ཕྱོགས་སྡོམ་ནན་ཏན་དང་། འཐུས་ཚང་དང་ཆུ་ཚད་མཐོར་གཏོང་། ཁྱབ་གདལ་ཧུར་ཐག་གཏོང་དགོས་པ་དང་། ལྷག་དོན་དུ་ཞིང་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ལ་སྣང་ཆེན་བྱེད་དགོས་ཞེས་གསུངས་པ་རེད། དབང་དབྱང་གིས་སེམས་བཟང་ཚིག་ནན་ངང་བོད་ལྗོངས་ནི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་ཞིག་ཡིན་པས། གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེའི་ལམ་བུར་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཤ་ཚལ་སྒོང་གསུམ་གྱི་འདུ་འགོད་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་དུ་སྔོ་ཚལ་སོས་པ་སྣ་ཚོགས་བསྒྲིགས་ཡོད་པ་དང་། དབང་དབྱང་གིས་ཕྱིར་ཚོང་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་ནས་སྔོ་ཚལ་གྱི་རིན་གོང་དང་བྲིན་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཕྱིར་ཚོང་མི་སྣས་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་སྔོ་ཚལ་རྣམས་ཟོག་འགྲེམས་ལྟེ་གནས་ནས་བཀོད་སྒྲིག་བྱས་པ་དང་། ཐད་ཀར་གྲོང་མི་རྣམས་ལ་འཚོང་གི་ཡོད་པས། ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཤིང་འབྲས་དང་སྔོ་ཚལ་གྱི་རིན་གོང་དམའ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད།
         ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱལ་ནང་དུ་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ནང་གི་རང་བྱུང་འདམ་ར་ཞིག་ཡིན་པས“ལྷ་སའི་གློ་བ”ཞེས་གྲགས་ཡོད། སྲུང་སྐྱོང་ཁུལ་དུ་སྐྱོད་སྐབས་མཁའ་རླུང་གཙང་མ་སྣ་ལ་འཐུལ་བ་དང་སྔོ་ཞིང་དྭངས་བའི་རྩྭ་དང་ཆུ་བོ་མིག་ལམ་དུ་མངོན་རྒྱུ་ཡོད། དབང་དབྱང་ཕེབས་ཀྱིན་དུ་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་ལྗོངས་ནི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་ཡིན་ལ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན་པས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་སྔོན་ལ་སྲུང་སྐྱོང་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས། སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱས་ཏེ། སྤུས་ཚད་དང་ཕན་འབྲས་ལྡན་ལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།