མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།1998ལོར་ཞིས་ཅིན་ཕིང་དང་མཉམ་དུ་བོད་དུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་27ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     1998ལོའི་ཟླ་6པར་སྐབས་དེ་དུས་ཕུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་ཞིས་ཅིན་ཕིང་གིས་ཕུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་པ་དང་། རང་ཉིད་ནི་ཚོགས་པ་དེ་དང་མཉམ་དུ་ཡོང་མཁན་གསར་འགོད་པ་ཞིག་ཡིན། གངས་ལྗོངས་ས་མཐོའི་ཐོག་སྡོད་རིང་བརྗེད་དཀའ་བའི་བག་ཆགས་མང་པོ་ཞིག་བཞག་བྱུང་།
         འཛམ་གླིང་ཡང་རྩེའི་སྟེང་མི་གཞན་ལ་གསོ་རླུང་གཡར་གནང་བ།
         སྤྱི་ལེ་3000ལྷག་ཙམ་འཕུར་བ་བརྒྱུད་ཟླ་6ཚེས་17ཉིན་གྱི་ཞོགས་པ་ཞིས་ཅིན་ཕིང་གོང་དཀར་གནམ་ཐང་དུ་འབྱོར། བོད་སྐྱོར་ལས་བྱེད་པ་དེ་དག་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་བོད་དུ་ཕེབས་སྐྱེལ་ཞུས་པ་དེ་ནི་སྐབས་དེ་དུས་རྒྱལ་ཡོངས་སུ་ཚད་གཞི་མཐོ་ཤོས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་པ་གནམ་ཐང་དུ་ཕེབས་བསུར་བཅར།
         དཀར་གཙང་མཇལ་དར་བསྒྲོན་པ་དང་བོད་རིགས་སྤུན་ཟླས་བཏེགས་པའི་ཞིམ་མངར་ནས་ཆང་མཆོད་ནས་བོད་སྐྱོར་རུ་ཆེན་ལྷ་སར་ངལ་གསོས་དུ་བཅུག་པ་དང་། ཞིས་ཅིན་ཕིང་གིས་དུས་ཚོད་དམ་འཛིན་ངང་རུ་སྣེ་ཁྲིད་དེ་སྐུ་ངལ་གསོ་ཁོམ་མེད་པར་ཕུའུ་ཅན་གྱི་ཁ་གཏད་བོད་སྐྱོར་ས་ཁུལ་ཡིན་པའི་ཉིང་ཁྲིར་རྡོག་ཐོན་གནང་།
         ཉིན་གཉིས་པར་བོད་སྐྱོར་རུ་ཆེན་ཉིང་ཁྲིར་ཕེབས་པའི་ལམ་བར་བྱེས་བགྲོད་རླངས་འཁོར་26ནང་ནས་རླངས་འཁོར་6གི་འཁོར་ལོ་རྡོལ་བ་དང་རླངས་འཁོར་2སྐྱོན་ཤོར།
         གོང་དཀར་གནམ་གྲུ་ནས་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་བར་ནི་སྤྱི་ལེ་500ལྷག་ཙམ་གྱི་ལམ་ཐག་རིང་པོ་ཡོད་པ་དང་། ཞིས་ཅིན་ཕིང་གིས་རླངས་འཁོར་ནང་ཉིན་གང་ཕེབས། ལམ་བར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ཀོང་པོ་བར་ལ་བརྒྱུད་དགོས་པ་དང་། ལ་རྩེར་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བའི་འཕྲེད་འགེལ་སྦྱར་ཡིག་དང་བཀྲ་ཤིས་མཚོན་རྟགས་ཀྱི་དར་ལྕོག་བཙུགས་པ་དང་། ཁ་བ་ལྷབ་ལྷུབ་ཏུ་བབས་པའི་ཁྲོད་འཕྲེད་འགེལ་སྦྱར་ཡིག་དམར་པོ་དང་ཚོན་མདོག་སྣ་ལྔའི་དར་ལྕོག་དལ་བུར་གཡོ་བཞིན་མཆིས།
         བར་ལ་བརྒལ་རྗེས་རླངས་འཁོར་རུ་ཁག་ཉང་ཆུ་གཙང་འགྲམ་བརྒྱུད་བསྐྱོད་ཅིང་། ཉང་ཆུ་གཙང་པོ་ནི་བར་ལ་ནས་འབྱུང་བ་དང་། རིང་ཚད་ཡོངས་ལ་སྤྱི་ལེ་307ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2900ཡོད་པའི་བྲག་ཡིབ་གྲོང་རྡལ་དུ་ཡར་ཀླུང་གཙང་པོའི་ནང་གཅིག་ཏུ་འགྲིལ་ཏེ་རྒྱུགས་ཤིང་། ཐད་དཔྱང་གཟར་ཚད་སྨི་2000ལྷག་ཙམ་ཟིན་ཡོད།
         རླངས་འཁོར་དེ་ཉིང་ཁྲིའི་ས་ཁོངས་ནང་གི་ཀོང་པོ་རྒྱ་མདའ་རྫོང་དུ་སླེབས་སྐབས་ཞིས་ཅིན་ཕིང་གིས་ཐལ་རྡུལ་འཚུབ་འཚུབ་ངང་རྫོང་ཨུད་གཞུང་དོན་ཁང་དུ་འཚམས་འདྲིར་ཕེབས་པ་དང་། བོད་དུ་ལོ་20ཙམ་གཞི་ཚུགས་པའི་རྫོང་ཨུད་ཧྲུའུ་ཅིས་སྤྲོ་སེམས་ཆེན་པོས་ས་ཆ་དེ་གའི་གནས་ཚུལ་ངོ་སྤྲོད་ཞུས། རྫོང་གྲོང་ནས་བར་ཐག་རིང་པོ་མེད་པའི་ཁུལ་ཞིག་ཏུ་ཉང་ཆུ་གཙང་པོའི་ཐོག་དཔྱང་ཟམ་ཆེན་པོ་ཞིག་ཡོད་པ་འདྲེན་བྱེད་ཡུལ་དུ་འཆར། གོ་ཐོས་ལ་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཕ་ཡུལ་དེའི་ཉེ་འགྲམ་དུ་ཡོད་པ་དང་ཟམ་ཆེན་དེ་ནི་ཁོང་གིས་མ་དངུལ་བཏོན་ནས་བརྒྱབ་པ་ཞིག་ཡིན་པས་མིང་ལ་ང་ཕོད་ཟམ་ཆེན་ཟེར་གྱི་འདུག ཞིས་ཅིན་ཕིང་རླངས་འཁོར་ལས་བབས་གནང་ནས་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་རུ་སྣེ་ཁྲིད་མཁན་ཏེང་པའོ་ནན་དང་ལྷན་དུ་ཟམ་སྣེར་ཕེབས་ནས་ཞིབ་ཕྲའི་ངང་གཟིགས།
         བྲག་ཡིབ་གྲོང་རྡལ་དུ་འབྱོར་སྐབས་མཚན་མོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ཡིན་པ་དང་། ད་དུང་ས་རུབ་མེད། སྡོད་གནས་སུ་སླེབས་རྗེས་རང་ཉིད་ཀྱི་སྙིང་སྟོབས་ཡག་ཏུ་ཕྱིན་ནས་ལྟོ་ཆས་རྒྱགས་ཚད་བཟས་པ་དང་། གཟུགས་པོ་དང་གོས་འཁྲུ་བ་ལ་སོགས་བྱས་པ་མ་ཟད་ད་དུང་གསོ་རླུང་ཡང་རྔུབ་མེད། བསམ་ཡུལ་ལས་འདས་པར་ཉལ་ནས་ཡུད་ཙམ་སོང་རྗེས་དབུགས་བཀག་པ་དང་མགོ་ཡུར་འཁོར་བྱུང་བས་ཏོག་ཙམ་སོང་རྗེས་དྲག་ཏུ་འགྲོ་སྲིད་སྙམ་མོད། འོན་ཀྱང་མགོ་ཡུར་འཁོར་ཡོང་བ་དང་བྲང་ཁོག་བསྡམས་པའི་ཚོར་སྣང་སྔར་བཞིན་ཐོན་བྱུང་། ངས་ཨམ་གཙིགས་བསྡམས་ནས་མལ་ལས་ལངས་ཏེ་འཁྱར་རེ་འཁྱོར་རེར་མར་བབས་ནས་ཞབས་ཞུའི་སྟེགས་བུའི་མདུན་དུ་རེ་ཞུ་བྱེད་པར་བསྐྱོད་པ་ཡིན།
         ངའི་ངོ་གདོང་སྨུག་པོར་གྱུར་པ་དང་མཆུ་ཏོ་ནག་པོ་ཆགས་པ་མཐོང་སྐབས་ཞབས་ཞུའི་སྟེགས་བུའི་བོད་རིགས་ཕོ་གསར་དེས་མགྱོགས་མྱུར་ཐོག་ཁར་རྒྱུག་ནས་གསོ་རླུང་བླུག་སྣོད་ཆེན་པོ་ཞིག་འཁྱེར་བྱུང་།
         གསོ་རླུང་བླུག་སྣོད་དེའི་དྲིན་གྱིས་རང་ཉིད་བོད་དུ་སླེབས་པའི་མཚན་དང་པོ་དེ་བདེ་འཇགས་ལྡན་པའི་ངང་འཁྱོལ། འཛམ་གླིང་ཡང་རྩེར་སླེབས་མ་ཐག་གསོ་རླུང་བླུག་སྣོད་དེས་ངའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་བྱུང་བས་སུ་ཞིག་གིས་རང་ཉིད་ཀྱི་གསོ་རླུང་བླུག་སྟེ་ང་ལ་སྤྲད་པ་ཡིན་ནམ་སྙམ། ཉིན་གཉིས་པར་ངས་ཀུ་རེའི་ཚུལ་དུ་བོད་དུ་མཉམ་དུ་ཡོང་མཁན་རུ་མི་ཚོར“མདང་ནུབ་གཞོན་ནུ་སུ་ཞིག་གིས་བདེན་པའི་རྒྱབ་ལངས་བྱས་ནས་གསོ་རླུང་བླུག་སྣོད་དེ་ངར་སྤྲད་པ་ཡིན་ནམ”ཞེས་དྲིས་པ་ཡིན།
         “ང་ཡིན”ཞེས་ཞིས་ཅིན་ཕིང་གིས་བཞད་མོ་བཞད་བཞིན་དུ་གསུངས་བྱུང་།
         ལེ་དབར་སྟོང་གི་སར་བུ་ཕྲུག་དམག་ལ་གཟིགས་པ།
         བོད་དུ་སླེབས་པའི་ཉིན་གཉིས་པར་ཞིས་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་ཏུ་ཕེབས་ནས་ཕུའུ་ཅན་ནས་ཡིན་པའི་འཐབ་འཛིང་པར་གཟིགས་པ་དང་1998ལོར་མཐའ་མཚམས་བརྟན་སྲུང་བྱེད་མཁན་དཔའ་བོའི་དཔུང་སྡེ་དེས་ཕུའུ་ཅན་ནས་བུ་ཕྲུག་དམག་204ཐོག་མར་བསྡུས་པ་རེད།
           བཅའ་སྡོད་བྱ་ཡུལ་དུ་ཕེབས་མ་ཐག་ཞིས་ཅིན་ཕིང་གིས་སྤྲོ་སེམས་འཁོལ་པོའི་ངང་བཀོད་འཐབ་པ་ཚོར“ཁྱེད་ཚོ་སྐུ་ཁམས་བཟང་། ཁྱེད་ཚོ་འོ་བརྒྱལ་སོང”ཞེས་འཚམས་འདྲི་ཞུས།
         བཞུགས་མོལ་ཚོགས་འདུའི་ཐོག་དཔུང་སྡེར་བཅའ་སྡོད་དམག་དཔུང་གི་འགོ་ཁྲིད་ཀྱིས་ཞིས་ཅིན་ཕིང་ལ་དཔུང་སྡེ་བསྐྲུན་པའི་ལོ་རྒྱུས་དང་གཟི་བརྗིད་ཆེ་བའི་བྱས་རྗེས་དང་དེ་བཞིན་སྐྱེ་ཁུངས་ཕུའུ་ཅན་ནས་ཡིན་པའི་འཐབ་འཛིང་པའི་མངོན་ཚུལ་ངོ་སྤྲོད་བྱས་པ་དང་ཁོང་གིས“ཕུའུ་ཅན་གྱིས་ང་ཚོར་སྡུག་བསྲན་ཁྱད་པར་ཐེག་པ་དང་། བཟོད་བསྲན་ཁྱད་པར་ཐུབ་པ། དམག་འཐབ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་ཐུབ་པ་བཅས་ཀྱི་འཐབ་འཛིང་པ་བསྐྱལ་བར་ཐུགས་རྗེ་ཆེ་ཞུས་པ་དང་དཔུང་སྡེར་ཞུགས་ནས་ལོ་ཕྱེད་མ་འགོར་བར་ཁོང་ཚོའི་ཁྲོད་ནས་མི་34ལ་རིམ་པ་ཁག་གི་བྱ་དགའ་ཐོབ་པ་དང་དེའི་ནང་མི་གཅིག་གིས་བྱས་རྗེས་རིམ་པ་གསུམ་པ་བཞག་ཡོད”ཅེས་བཤད།
         ཞིས་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས“བོད་དུ་དམག་མི་བསྡུ་བར་ཕུའུ་ཅན་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་རིམ་ཁག་སྲིད་གཞུང་གིས་ད་དུང་བསྔགས་སྐུལ་སྲིད་ཇུས་མང་པོ་བཟོས་ཏེ་དམག་ཁུངས་འདང་ངེས་ཡོད་པའི་རྨང་གཞིའི་ཐོག་འདེམས་སྒྲུག་བྱས་ཡོད”ཅེས་གསུངས།
          བཞུགས་མོལ་ཚོགས་འདུ་གྲོལ་རྗེས་ཞིས་ཅིན་ཕིང་འཐབ་འཛིང་པ་ཚོའི་ཉལ་ཁང་དང་དཔེ་དེབ་ལྟ་ཀློག་ཁང་དུ་ཕེབས་ནས་ཁོང་ཚོའི་མལ་གདན་འདང་ངེས་ཡོད་མེད་གཟིགས་པ་དང་རྣམ་ཀུན་དེབ་གང་དག་ལྟ་གི་ཡོད་པ་མཁྱེན་རྟོགས་གནང་ཞིང་། ཁོང་གི་རེ་བར་འཐབ་འཛིང་པ་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སེམས་རྣལ་ལ་ཕབ་སྟེ་ངང་དམག་ཞབས་ཞུ་བ་དང་སྔ་ཙམ་འཇོན་ཐང་ཅན་དུ་གྱུར་པ་བྱེད་དགོས་པའི་བཀའ་མངགས་ཡང་ཡང་གནང་།
          གངས་ལྗོངས་ས་མཐོར་མཐའ་མཚམས་དང་རྒྱལ་ཁབ་སྲུང་བའི་འཚོ་བའི་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པ་དང་ལས་ཀའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། མཐའ་སྲུང་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ་དང་བུ་ཕྲུག་དམག་ལ་གཅེས་སྐྱོང་བྱ་ཆེད་ཕུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པས་དེ་ཙམ་འབེལ་པོ་མེད་པའི་བོད་སྐྱོར་འགྲོ་གྲོན་ཁྲོད་ནས་སྒོར་ཁྲི་10བཏོན་ཏེ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་སྒང་ག་ཟམ་ཆེན་དང་མཐའ་སྲུང་སོ་ལྟ་ཁང་བསྐྲུན་པ་རེད། གནས་ཚུལ་དེ་མཁྱེན་རྟོགས་བྱུང་སྟབས་ཟླ་6ཚེས་20ཉིན་སྨན་གླིང་རྫོང་དུ་ཕེབས་པའི་ལམ་བར་ཞིས་ཅིན་ཕིང་གིས་ཆེད་མངགས་ཁོམ་པ་བཙལ་ནས་སྒང་ག་ཟམ་ཆེན་ལ་གཟིགས་སྐོར་གནང་བ་དང་འབྲེལ་ས་ཆ་དེ་གའི་མང་ཚོགས་ཀྱིས་བོད་སྐྱོར་ལས་བྱེད་པས་མ་དངུལ་བཏང་ནས་ཟམ་པ་བསྐྲུན་པར་དྲན་གསོ་ཞུ་ཆེད་བཙུགས་པའི་རྡོ་རིང་མདུན་དུ་ཕེབས་མཚམས་བཞག་ནས་ནན་ཏན་ངང་གཟིགས་པ་དང་འབྲེལ་དབུ་ལྕོག་ལྕོག་གིས་བསྔགས་བརྗོད་གནང་།
         ཁྱིམ་ཚང་གཅིག་ལྟར་བྲག་ཕྱི་གྲོང་ཚོར་འཚམས་འདྲི་གནང་བ།
         ཟླ་6ཚེས་19ཉིན་གྱི་སྔ་དྲོ་ཉིང་ཁྲི་ས་ཁུལ་གྱི་ཀོང་ཏུང་དང་ཕུའུ་ཅན་ཞིང་ཆེན་གཉིས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པར་དགའ་བསུ་ཞུ་བའི་ཚོགས་ཆེན་གྲོལ་མ་ཐག་ཞིས་ཅིན་ཕིང་གིས་རླངས་འཁོར་ནང་བཞུགས་ནས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས།
          བྲག་ཕྱི་གྲོང་ཚོའི་གྲོང་མི་ཚོས་དུས་ཆེན་གཏོང་བ་དང་འདྲ་བར་དགའ་སྤྲོ་འཁོལ་བའི་ངང་རྒན་སྐྱོར་བྱིས་འཁྲིད་ཀྱིས་སྔ་ས་ནས་གྲོང་ཚོའི་མདར་ཕེབས་སྒུག་ཞུས་ནས་བསྡད་པ་དང་ཞིས་ཅིན་ཕིང་གི་རླངས་འཁོར་འབྱོར་མ་ཐག་ཚང་མས་མདུན་དུ་བཅར་ནས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པ་དང་འབྲེལ་ཞིས་ཅིན་ཕིང་དང་བཅས་པར་མཇལ་དར་བསྒྲོན་པ་དང་མཆོད་ཆང་བཏེགས།
         གྲོང་ཚོའི་ཀྲུའུ་རེན་གྱི་སྣེ་ཁྲིད་འོག་ཞིས་ཅིན་ཕིང་གིས་བོད་རིགས་ཀྱི་གྲོང་ཚོར་གཟིགས་སྐོར་གནང་བ་དང་དེ་རྗེས་གྲོང་མི་ཚེ་རིང་ཕུན་ཚོགས་ཀྱི་ཁྱིམ་དུ་ཕེབས།
         ཁོང་གིས་ཚེ་རིང་ཕུན་ཚོགས་ཀྱི་ཉལ་ཁང་དང་། མགྲོན་བསུ་་ཁང་། ཐབ་ཚང་། མཛོད་ཁང་བཅས་སུ་ནན་ཏན་ངང་གཟིགས་པ་དང་འབྲུ་རིགས་མཛོད་ཁང་བྱུར་བུར་གཏམས་པ་གཟིགས་རྗེས་ཞིས་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་མཐའ་འཁོར་གྱི་གྲོང་མིར“ད་ཆ་འཚོ་བ་ཇི་འདྲ་འདུག་གམ”ཞེས་བཀའ་འདྲི་གནང་།
        “ལོ་དེ་དག་ནང་འཚོ་བ་ཡག་པོ་ཞེ་དྲག་འདུག”ཅེས་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ལན་བཏབ།
         ཚེ་རིང་ཕུན་ཚོགས་ཀྱི་ཁྱིམ་ནས་དོན་གནང་སྟེ་ཞིས་ཅིན་ཕིང་གིས་སླར་ཡང་གྲོང་མིའི་དུད་ཚང་ཞིག་ཏུ་ཕེབས་པ་དང་ཁྱིམ་ཚང་དེའི་ནང་རྒད་པོ་ཞིག་ཡོད་པ་དེར་ཁོང་གིས་བདེ་སྡུག་བཀའ་འདྲི་གནང་། རྒད་པོ་དེའི་གཟུགས་གཞི་དེ་ཙམ་ཐང་པོ་མེད་པ་མཁྱེན་རྗེས་ཁོང་གིས་གཉེན་ཉེ་ལྟར་རྒད་པོའི་ལག་ནས་བཟུང་གནང་སྟེ“ཁྱེད་ཀྱིས་གཟུགས་པོར་བདག་གཅེས་བྱས་ནས་སྐུ་ཚེ་རིང་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་གསུངས།
          ཞིས་ཅིན་ཕིང་འདྲིས་བདེ་གཤིབ་བདེ་དེ་འདྲ་ཡོད་པ་མཐོང་སྐབས་གྲོང་མི་ཚོས“དངོས་གནས་ཁྱིམ་མི་གཅིག་ལྟར་འདུག”ཅེས་ཤོད་པ་དང་ཚང་མས་ཁོང་དང་ཞལ་གྱེས་འདོད་བྱེད་ཀྱི་མེད། སྐབས་དེར་མི་ཞིག་གིས“ངེད་ཚོ་ལྷན་དུ་དྲན་རྟེན་སྐུ་པར་ཞིག་བསྐྱོན་རོགས”ཞེས་བཤད། དེས་ན་ཚེ་རིང་ཕུན་ཚོགས་ཀྱི་ཁང་པ་གསར་པའི་མདུན་དུ་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྩ་ཆེའི་འདྲ་པར་ཞིག་བྱུང་ཡོད།
         ལམ་བར་བྲེལ་བརྩོན་ཆེན་པོས་བོད་སྐྱོར་ལས་བྱེད་པ་ལས་གནས་ཐོག་བསྐྱལ་གནང་བ།
         1998ལོའི་ཟླ་6ཚེས་19ཉིན་གྱི་སྔ་དྲོ་ཉིང་ཁྲི་ས་ཨུད་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པར་དགའ་བསུ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད།
         ཞིས་ཅིན་ཕིང་གིས་ཕུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད། ཉིང་ཁྲི་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་པ་རེད།
          ཞིས་ཅིན་ཕིང་གིས“བོད་འདི་ཉིད་ནི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཏུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་བོད་མི་དམངས་ནི་དཀའ་སྤྱད་ལས་བརྩོན་དང་། དཔའ་ངར་ཆེ་བ། བློ་གྲོས་ཀྱིས་ཕྱུག་པ་བཅས་ཀྱི་མི་དམངས་ཤིག་ཡིན། ཕུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་བ་དང་བོད་ལ་རོགས་སྐྱོར་བྱ་རྒྱུ་དེ་དཔལ་འབྱོར་ལས་འགན་གལ་ཆེན་ཞིག་ཡིན་པ་མ་ཟད་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པ་དང་ཉིང་ཁྲི་ས་ཁུལ་གྱི་བྱ་བ་དེ་རང་རེའི་ཞིང་ཆེན་གྱི་བྱ་བ་ཞིག་ཡིན་པ་གསལ་པོ་བསྟན་ཡོད”ཅེས་གསུངས།
         ཞིས་ཅིན་ཕིང་གིས་ཕུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་འདེམས་གཏོང་བྱས་ཚུལ་ངོ་སྤྲོད་གནང་བ་དང་ཁོང་གིས“1995ལོར་ཕུའུ་ཅན་གྱིས་ཉིང་ཁྲི་ས་ཁུལ་དུ་བཏང་བའི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ནི་རེ་ཞུའི་མིང་ཐོ་འགོད་མཁན་1300ལྷག་ཙམ་ཁྲོད་ནས་ཧྲག་འདེམས་བྱས་པ་ཞིག་རེད། 1998ལོའི་ལོ་འགོ་ནས་བཟུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་ས་ཆ་ཁག་ཏུ་སྐོར་སྐྱོད་སྙན་ཞུ་ཕུལ་བ་དང་ཕུའུ་ཅན་དུ་རེས་སྐོར་གསར་པའི་བོད་སྐྱོར་གྱི་ཚ་རླབས་ཤིག་འཕྱུར་ཡོད། འདེམས་གཏོང་ལས་འགན་ཡོད་པའི་ས་ཁུལ་དང་གྲོང་ཁྱེར་3དང་ཞིང་ཆེན་ཐད་གཏོགས་ཚན་པ་13གྱི་རེ་ཞུའི་མིང་ཐོ་འགོད་མཁན་མི་གྲངས་1500ལས་བརྒལ་ནས་རྟོག་ཞིབ་ནན་པོ་དང་དཔྱད་བསྡུར་ཡང་ཡང་བྱས་པ་བརྒྱུད་མཐར་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པ་མི་23ཧྲག་འདེམས་བྱས་ཡོད། མ་གཞི་མི་གྲངས་མང་པོ་མེད་ཀྱང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་དེ་ཡོངས་ཀྱི་མི་དམངས་ཁྲི་3200ལྷག་ཙམ་གྱི་མངགས་བཅོལ་ལྕི་པོ་ཕྲག་སྟེང་དུ་ཁུར་ཡོད”ཅེས་གསུངས།
         ཟླ་6ཚེས་20ཉིན་གྱི་ཉིན་གཅིག་ཁོ་ནར་ཞིས་ཅིན་ཕིང་གིས་སྨན་གླིང་ཞིང་ར་དང་། སྨན་གླིང་རྫོང་། སྣང་རྫོང་བཅས་སུ་ལས་འགན་ཁུར་བར་བཏང་བའི་བོད་སྐྱོར་ལས་བྱེད་པ་རེ་རེ་བཞིན་ལས་གནས་ཐོག་སྐྱེལ་བར་ཕེབས།
         ཞིས་ཅིན་ཕིང་ནི་སུ་ཞིག་ལས་ཀྱང་སྐུ་ལས་ཁག་པ་བྱུང་ཡོད། ཁ་གཏད་རོགས་སྐྲུན་ཚན་པ་ཞིག་ཏུ་སླེབས་རིམ་བཞིན་ཁོང་གིས་ལས་གནས་ལས་ཁ་བྲལ་གྲབས་ཡོད་པའི་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་སྙན་ཞུ་ནན་ཏན་ངང་གསན་པ་དང་འབྲེལ་ཡུལ་དེའི་ཏང་སྲིད་འགན་ཁུར་བ་དང་བཞུགས་མོལ་གནང་། ཁོང་གིས་ཕུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་ཀྱི་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་སྐྱོར་ལས་བྱེད་པར་ལྟ་རྟོག་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་དུས་མཚུངས་བོད་སྐྱོར་ལས་བྱེད་པ་ཁག་དང་པོར་གདེང་འཇོག་གནང་ཐོག་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པར་བླང་བྱ་བཏོན་གནང་།
         སྨན་གླིང་ཞིང་ར་གང་སར་ཁམ་བུ་དང་། སྟར་ཁ། ཀརྨ་ཀུ་ཤུ་བཅས་ཀྱིས་ཁེངས་མོད་འོན་ཀྱང་དེ་དག་འབྱོར་སྟོབས་སུ་བསྒྱུར་ཐུབ་ཀྱི་མེད། བོད་སྐྱོར་ལས་བྱེད་པ་ཞུས་ཧྲའོ་ཆིན་ལས་གནས་ཐོག་སླེབས་མ་ཐག་པའི་སྐབས་གྱོང་གུན་ཚབས་ཆེན་ཕོག་ནས་ཞིང་རར་ཟླ་བ་ཁ་ཤས་རིང་གླ་ཕོགས་སྤྲོད་ཐུབ་ཀྱི་མེད། ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་དང་ཕ་ཡུལ་ཀྲང་ཀྲོའུ་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་ཞུས་ཧྲའོ་ཆིན་གྱིས་དཀའ་སྤྱད་ལས་གཏོད་དང་བློ་གཤོགས་ཆེན་པོས་ལམ་བུ་གསར་པ་བཏོད་པར་ལས་བཟོ་1000ལྷག་ཙམ་གྱི་ལྟོ་ཆས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་ད་དུང་བོད་ཀྱི་མངར་སྦངས་ཁ་ཟས་བཟོ་གྲྭ་དང་པོ་དེ་གཉེར་བ་དང་ཆུ་ཤུགས་གློག་ཁང་དང་། ཕག་གསོ་ར་བ། གྲོ་ཞིབ་ལས་སྣོན་བཟོ་གྲྭ ཤ་མོ་འདེབས་འཛུགས་རྟེན་གཞི་ལ་སོགས་བསྐྲུན་ཞིང་། ཁོང་ངལ་དུབ་ཆེ་བའི་རྐྱེན་གྱིས་ཕོ་བ་ནས་ཁྲག་དོན་པ་དང་ཆུ་ཤུགས་གློག་ཁང་སྐྲུན་སྐབས་གཡང་ས་ནས་ལྷུང་སྟེ་སྲོག་ཤོར་གྲབས་བྱས་ཀྱང་ཞིང་རར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
         ཞིས་ཅིན་ཕིང་གིས“ཞུས་ཧྲའོ་ཆིན་གྱིས་མི་ཚོར་བློ་ཡིད་འཚིམ་པའི་རྒྱུགས་ཤོག་ཅིག་ཕུལ་ཡོད། བོད་སྐྱོར་ལས་དོན་དེ་རྒྱུག་མཐུད་དབྱུག་པ་དང་འདྲ་བར་ཞུས་ཧྲའོ་ཆིན་ཕྱིན་པ་དང་ལིའུ་ཝུན་པེའོ་སླེབས་པས་ཁོང་གིས་མུ་མཐུད་ལས་དོན་ཡག་པོ་སྒྲུབ་ཐུབ་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་གསུངས་པ་དང་སྨན་གླིང་ཞིང་རར་བོད་སྐྱོར་ལས་བྱེད་པའི་མིང་སྐལ་གཅིག་ལས་མེད། ཞིས་ཅིན་ཕིང་གིས“ལིའུ་ཝུན་པེའོ་གཅིག་རང་ཡིན་མོད་འོན་ཀྱང་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་ཡིན་པས་ཚང་མས་ཁོང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།
          སྣང་རྫོང་འདི་ཉིད་མཐོ་གྲང་གསོ་རླུང་དཀོན་པའི་རི་མཐོའི་གྲོག་རོང་དུ་གནས་པ་དང་བོད་སྐྱོར་ལས་བྱེད་པ་དེར་སླེབས་མ་ཐག་པའི་སྐབས་ཆད་དངུལ་སྒོར་ཁྲི་400ལྷག་ཙམ་ཟིན་པ་དང་དེས་ན་རྫོང་ནོར་སྲིད་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་20ལས་མེད། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་ཚོ་80%ལ་གློག་མེད་པ་དང་། མང་ཚོགས་70%ནི་ཡིག་རྨོངས་ཡིན་པ། གྲོང་ཚོས་བཙུགས་པའི་སློབ་ཆུང་24ཡི་ནང་སློབ་ཆུང་18ཀྱི་སློབ་མ་ས་སྟེང་དུ་བསྡད་དེ་སློབ་ཚན་འཚོགས་ཀྱི་ཡོད་པ་ལ་སོགས་བོད་དུ་སླེབས་ནས་ཟླ་བ་གཅིག་ལས་མ་སོང་བར་ཆོན་ཀྲོའུ་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་བཞི་པོའི་གཟུགས་པོའི་ལྗིད་ཚད་ཆ་སྙོམས་རྒྱ་མ་14ཆག་ཡོད། དེས་ན་ཁོང་ཚོས་གང་ལའང་མི་འཛེམ་པར་ལས་དོན་སྤེལ་བ་སྟེ། གཏེར་ཁ་འཚོལ་བ་དང་། ཟམ་པ་རྒྱག་པ་དང་ལམ་བསྐྲུན་པ། གློག་ཁང་བསྐྲུན་པ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱས་པ། རིག་གནས་སློབ་གསོ་དར་སྤེལ་བཏང་བ། ནགས་ལས་འཕེལ་རྒྱས་བཏང་བ། ཞིང་ལས་གསར་སྤེལ་ཁུལ་འཛུགས་སྐྲུན་བྱས་པ་ལ་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལེགས་ཆ་དེ་ཚོང་ཟོག་ལེགས་ཆར་བསྒྱུར་བ་དང་སྣང་རྫོང་གི་1997ལོའི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དེ་1994ལོ་ལས་103.5%འཕར་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་1994ལོ་ལས་83.4%འཕར་ཡོད། ལས་ཀ་ཏན་ཏིག་ཆེ་ཤོས་དང་། ཆབ་སྲིད་གྲུབ་འབྲས་མངོན་གསལ་དོད་ཤོས། ལས་བྱེད་པའི་མཚོན་ཚུལ་ཡག་ཤོས། མང་ཚོགས་ཀྱི་གདེང་འཇོག་མཐོ་ཤོས་བཅས་ཡིན་པས་ཞིང་ཆེན་དང་གྲོང་ཁྱེར་15ཡི་ཁ་གཏད་རོགས་སྐྱོར་རྫོང་44ཁྲོད་སྣང་རྫོང་འདི་ཉིད་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི“ཁ་གཏད་རོགས་སྐྱོར་གྱི་སྔོན་ཐོན་རྫོང”གཅིག་པུ་དེར་འོས་སྦྱོར་བྱས་པ་རེད།
         ཟླ་6ཚེས་23ཉིན་ཞིས་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་བཞུགས་སྐབས“བོད་དུ་ཡོང་མ་ཡོང་གི་མྱོང་བ་ལ་ཁྱད་པར་ཆེན་པོ་ཡོད། དེར་ཡོང་ནས་བོད་ཀྱི་གནས་ཚུལ་དང་རྣམ་པ་མཐོང་སྐབས་བོད་སྐྱོར་ལས་དོན་ཐད་གཞི་ནས་མྱོང་ཚོར་ཟབ་མོ་ཡོང་ཐུབ། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་དང་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་དང་འབྲེལ་བ་ཡོད། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཐུན་མོང་གི་ལས་འགན་ཡིན་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་འཕེལ་རྒྱས་དེ་རང་ཉིད་ཀྱི་ལས་དོན་ཙམ་མ་ཡིན་པར་དེ་དག་ཚང་མ་ནི་ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཆེད་དུ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས།
         ཡར་ཀླུང་གཙང་པོ་ལྟར་མཛའ་མཐུན་ཟབ་པ།
         ཡུད་ཙམ་ཞིག་ལ་ལོ་13འདས་པ་དང་2011ལོའི་ཟླ་7པར་ངར་སྨྱན་སྦྱོར་ཐོག་ནས་ཤེས་རྟོགས་བྱུང་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་པའི་སྣེ་ཁྲིད་གནང་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཕེབས་པ་རེད།
         བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་ཁོང་གིས་བོད་ཀྱི་ལོ་60རིང་གི་འཕོ་འགྱུར་ཆེན་པོ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་འབྲེལ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་རྒྱས་བཤད་གནང་བ་དང་བོད་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་ཆེད་བཀོད་སྒྲིག་གནང་ཐོག་དམིགས་ཚད་གཏན་འཁེལ་དང་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
         བོད་ཀྱི་འཐབ་ཇུས་གནས་བབ་རྒྱས་བཤད་གནང་སྐབས་ཞིས་ཅིན་ཕིང་གིས“གལ་ཆེན་དྲུག”གི་ཐོག་ནས་ཚན་རིག་དང་མཐུན་པའི་ངང་སྙིང་བསྡུས་གནང་བ་སྟེ།
         “བོད་འདི་ཉིད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད་ལ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བཅས་ཀྱང་རེད”
         ཟླ་7ཚེས་21ཉིན་ཞིས་ཅིན་ཕིང་སླར་ཡང་བྲག་ཕྱི་གྲོང་ཚོར་ཕེབས་པ་དང་གྲོང་ཚོ་དེ་ཡོངས་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གླུ་ལེན་གར་འཁྲབ་ཀྱིས་ཁོང་ལ་དགའ་བསུ་ཞུས་པ་རེད།
         ལོ་13གོང་དང་འདྲ་བར་ཞིས་ཅིན་ཕིང་གིས་ཞིང་པའི་དཔེ་དེབ་ཁང་ནང་ཕེབས་ཏེ་གྲོང་མིའི་དཔེ་དེབ་ལྟ་ཀློག་བྱས་ཚུལ་བཀའ་འདྲི་གནང་བ་དང་། གྲོང་མིའི་ཁྱིམ་དུ་ཕེབས་ཏེ་གྲོང་མིའི་འབྲུ་མཛོད་དང་ཐབ་ཚང་ལ་གཟིགས་སྐོར་གནང་བ་དང་རྫབ་རླངས་མེ་ཐབ་སྤར་ནས་གྲོང་གསེབ་ཏུ་རྫབ་རླངས་སྤྱོད་ཚུལ་མཁྱེན་རྟོགས་གནང་བ། སྦྱིན་བདག་གི་བོད་བཟོའི་མགྲོན་བསུ་ཁང་ནང་ཇ་བསྲུབས་མ་མཆོད་ནས་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་བ་ལ་སོགས་རེད།
         ཞལ་གྱེས་སྐབས་གྲོང་ཚོ་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་བྲལ་འདོད་མི་བྱེད་པར་མཇལ་དར་གཡུག་གཡུག་བྱེད་བཞིན་ཕེབས་སྐྱེལ་ཞུས་པ་དང་ཞིས་ཅིན་ཕིང་གིས་མི་ཚོགས་ཁྲོད་ཕེབས་ཏེ་ལོ་3ལ་སླེབས་པའི་བུ་མིག་དམར་ཚེ་རིང་པང་དུ་བཏབ་ནས་ལྷན་དུ་སྐུ་པར་བསྐྱོན།
         བྲག་ཕྱི་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟག་ལུང་ད་ལྟ་ལོ་65ལ་སླེབས་པ་དང་ཁོང་གིས་ཞིས་ཅིན་ཕིང་གི་གམ་དུ་བཅར་ནས་ཕྱག་དམ་པོར་བཟུང་སྟེ“གུང་ཁྲན་ཏང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ། གུང་ཁྲན་ཏང་མེད་ན་ད་ལྟའི་བྲག་ཕྱི་གྲོང་ཚོ་ཡོང་མི་སྲིད”ཅེས་སེམས་འགུལ་ཐེབས་པའི་ངང་བཤད།
         ཞིས་ཅིན་ཕིང་སེམས་འགུལ་ཟབ་མོ་ཐེབས་ནས“བོད་རིགས་མང་ཚོགས་ལོ་བརྒྱ་ཚེ་རིང་ཡོང་བ་ཤོག བཀྲ་ཤིས་བདེ་ལེགས”ཞེས་སྟག་ལུང་ལ་གསུངས། (2014ལོའི་ཟླ་7ཚེས་20ཉིན) (2015ལོའི་ཟླ་8ཚེས་24ཉིན་གྱི་《མི་དམངས་ཉིན་རེའི་ཚགས་པར་》ཐོག་སྤེལ་བ)༼ ཕུའུ་ཅན་ཉིན་རེའི་ཚགས་པར་ཁང་གི་དེ་སྔའི་རྒྱུན་ལས་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ཧུང་། ༽