མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་
ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་27ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་ཚེས་25ཉིན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་25འཁོར་བར་དྲན་གསོ་ཞུ་བ་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རྒྱལ་ཡོངས་ལས་དོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་སྒྲུབ་མཁན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བློ་མཐུན་རྒན་གྲས་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་ཤིང་འཛུགས་གསོ་བྱེད་པར་ལོ་བཅུ་དང་མི་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས། མེས་རྒྱལ་གྱི་འབྱུང་འགྱུར་མི་རབས་རྗེས་མར་བདག་ཡོད། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཀྲུང་གོའི་ཨུ་ལྷན་བཙུགས་ནས་ལོ་25རིང་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད། བློ་མཐུན་ཚོས་གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་འགྱུར་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་མཐུན་སྒྲིལ་དང་སློབ་གསོ་གཏོང་བ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་སོགས་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་ནི་ཏང་དང་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། ང་ཚོས“རྒན་གྲས་ལྔའི”སྙིང་སྟོབས་དར་སྤེལ་གཏོང་བ་དང་། “རྒན་གྲས་ལྔར”བརྩི་བཀུར་ཞུ་བ། “རྒན་གྲས་ལྔར”གཅེས་སྐྱོང་བྱེད་པ། “རྒན་གྲས་ལྔར”སློབ་སྦྱོང་བྱེད་པ། “རྒན་གྲས་ལྔའི”ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་གཞག་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། བློ་མཐུན་རྒན་གྲས་དེ་བས་མང་བ་ཞིག་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། དུས་རབས་ཀྱི་གར་སྟེགས་ཐོག་རྒས་ཀྱང་བྱེད་རིན་ཡོད་པ་དང་སེམས་ནུས་ལྷག་མ་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་སྒྲོག་སྦྱངས་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རིམ་ཁག་ཨུ་ལྷན་དང་བློ་མཐུན་རྒན་གྲས་ཚོར་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་གཞོན་ནུ་ལོ་ཆུང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་དབུལ་པོ་དང་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་བྱིས་པར་སེམས་ཁུར་གཅེས་སྐྱོང་དང་རོགས་རམ་མང་ཙམ་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཟང་པོ་གཏོད་པའི་ནང་ཧུར་ཐག་ཞུགས་པ། གཞོན་ནུ་ལོ་ཆུང་ཡར་རྒྱས་དང་འཚར་ལོངས་ཡོང་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བཅས་བྱེད་དགོས། དུས་མཚུངས་སུ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རིག་མཐུན་ཚོགས་བཅས་ཀྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཡི་གེ་བཏང་ཡོད་པ་རེད། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཚོགས་ཆེན་ལ་ཤིས་ཚིག་བརྗོད་དེ་ཁོང་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་མཁན་སྤོ་བོ་ལགས་དང་རྨོ་བོ་ལགས་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ་རེད།
         ཚོགས་འདུའི་ཐོག་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་25རིང་དང་ལྷག་པར་དུ་ཉེ་བའི་ལོ་5རིང་ཐོབ་པའི་ལས་ཀའི་གྲུབ་འབྲས་དང་། རྩ་བའི་ཉམས་མྱོང་། མྱོང་ཚོར་བཅས་ཕྱོགས་སྡོམ་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་སྐོར་བསམ་འཆར་ཡང་བཏོན་པ་རེད། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཐའོ་རེན་ཐིང་ཁྲོམ་གཞུང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་སོགས་སྔོན་ཐོན་མཉམ་སྡེབ་592དང་སྔོན་ཐོན་མི་སྒེར་1783ལ་གཟེངས་བསྟོད་ཐོབ་ཅིང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་བྱས་པ་རེད།
         ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་དང་ཤེས་དཔལ་གཞུང་དོན་ཁང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་འཐུས་མི་སོགས་མི་གྲངས་300ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།