མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་སློབ་གྲྭ་
འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་བསྒྱུར་བཅོས་ཕྱོགས་ཡོངས་ནས་
སྤེལ་རྒྱུ་གཏན་འབེབས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་27ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པའི་ཐོག་ནས་འདེགས་སྐྱོར་བྱེད་ཕྱིར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་བསྒྱུར་བཅོས་ཕྱོགས་ཡོངས་ནས་སྤེལ་རྒྱུའི་གཏན་འབེབས་གནང་བ་རེད། དེ་དང་དུས་མཚུངས་སུ་གྲོས་ཚོགས་ཐོག་མ་དངུལ་སྡུད་རྒྱུག་བོགས་མར་གཏོང་ལེན་དང་དངུལ་རྩ་བོགས་མར་གཏོང་ལེན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་བྱ་ཐབས་གཏན་འབེབས་བྱས་ནས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་རྒྱུ་དང་། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་རིན་དངུལ་སྡུད་ཚུལ་སྔར་ལས་གཙང་བཤེར་དང་ཚད་ལྡན་དུ་གཏོང་དོན་བཀོད་སྒྲིག་བྱས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་ཆེད་ཁུར་པོ་ཡང་དུ་གཏོང་རྒྱུ། གཙོ་གནད་སྲིད་ཇུས་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་ཐད་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་སྙན་སེང་ཞུ་བ་ཉན་ཏེ་སྲིད་ཇུས་དོན་ཐོག་་དངོས་སུ་འཁྱོལ་བར་བྱས་ཏེ་དཔལ་འབྱོར་གོང་དུ་འཕེལ་བར་རོགས་སྐྱོར་བྱེད་རྒྱུ་དམ་འཛིན་ཤུགས་ཆེན་བྱེད་རྒྱུ་བཅས་གཏན་འབེབས་བྱས་པ་རེད།
         གྲོས་ཚོགས་ཐོག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་བསྒྱུར་བཅོས་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་སྤེལ་ཞིང་། གཅིག་ནི་ལོགས་སུ་བཙུགས་པའི་སློབ་འབྲིང་དང་སློབ་ཆུང་གི་དགེ་རྒན་གྱི་གོ་མིང་(གོ་གནས)རིམ་སྟར་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་གསུམ་དུ་གཅིག་གྱུར་བཟོ་རྒྱུ་དང་། གཉིས་ནི་དཔྱད་གཏམ་བརྗོད་པ་དང་ངོ་སྤྲོད་བྱེད་པའི་ཚད་གཞི་དག་བཅོས་བྱས་ཏེ་དགེ་རྒན་གྱི་སྤྱོད་བཟང་དང་། གྲུབ་འབྲས་དངོས། ལག་ལེན་བརྒྱུད་པ་བཅས་གལ་ཆེར་འཛིན་པ་དང་། སྔོན་མ་ཆེད་རྩོམ་དང་སློབ་གཉེར་བརྒྱུད་རིམ་ནན་བཤད་བྱས་དྲགས་པའི་ཕྱོགས་ལྷུང་བསྒྱུར་བཅོས་བྱེད་རྒྱུ་མ་ཟད། གྲོང་གསེབ་དང་བས་མཐའ་ས་ཁུལ་གྱི་དགེ་རྒན་ལ་གཟིགས་སྐྱོང་བྱ་རྒྱུ། གསུམ་ནི་ལས་རིགས་གཅིག་པའི་མཁས་པས་དཔྱད་ཞིབ་བྱས་པ་རྨང་གཞིར་བྱེད་པའི་གདེང་འཇོག་རྐྱེན་སྲོལ་འཛུགས་རྒྱུ་མ་ཟད། དཔྱད་ཞིབ་བྱས་འབྲས་ཡོངས་བསྒྲགས་དང་ལྟ་སྐུལ་དང་ལེན་ཡང་བྱེད་རྒྱུ། བཞི་ནི་གོ་མིང་དཔྱད་ཞིབ་དང་ལས་གནས་གདན་ཞུས་སྐུལ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་ལ་འཇོན་ཐང་གང་ཡོད་འདོན་ཐུབ་པ་དང་ཡོན་ཏན་ཇི་ཡོད་སྤྱོད་ཐུབ་པ་མངོན་འགྱུར་བྱེད་རྒྱུ་བཅས་གཏན་འབེབས་བྱས་པ་རེད།