མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་དང་
ཞིང་པའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་གཏའ་འཇོག་དངུལ་བུན་གཏོང་ལེན་གྱི་ཚོད་ལྟ་
བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་27ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་པར་ས་ཆ་འགན་གཙང་ལེན་པའི་ཕན་ཁེ་སྤྱོད་དབང་སྤྲོད་པ་དང་། གྲོང་གསེབ་ས་ཆའི་རྒྱུ་ནོར་ཕན་སྒྱུར་བྱེད་པ། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་པ་བཅས་བྱ་ཆེད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་གཏའ་འཇོག་དངུལ་བུན་གཏོང་ལེན་གྱི་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཟེར)པར་འགྲེམས་བྱས་པ་རེད།
         《བསམ་འཆར་》ནང་གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་(གཤམ་དུ་སྤྱི་མིང་ལ“དབང་ཆ་གཉིས”ཟེར)གཏའ་འཇོག་དངུལ་བུན་གཏོང་ལེན་གྱི་ཚོད་ལྟ་བྱེད་པར་ཁྲིམས་ལྟར་གོ་རིམ་ལྡན་པ་དང་། རང་མོས་རང་འདོད། བརྟན་པོའི་ངང་སྐུལ་འདེད་གཏོང་བ། ཉེན་ཁ་ཚོད་འཛིན་བྱེད་རུང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། བདག་དབང་དབང་ཆ་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་དབང་ཆ་གསུམ་པོ་སོ་སོར་དབྱེ་ནས་གཉེར་སྐྱོང་དབང་ཆ་འཁོར་སྒྱུར་བྱེད་དགོས་པའི་འབྲེལ་ཡོད་བླང་བྱ་ལྟར་གྲོང་གསེབ་ས་ཆའི་ཕན་ཁེ་སྤྱོད་དབང་དོན་འཁྱོལ་བྱས་ཏེ་ཞིང་པར་དེ་བས་མང་བའི་རྒྱུ་ནོར་གྱི་དབང་ཆ་སྤྲོད་རྒྱུ་འགོ་ཚུགས་སར་བྱེད་པ་དང་། གྲོང་གསེབ་ཀྱི་དངུལ་རྩའི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པ། “དབང་ཆ་གཉིས”ཀྱི་གཏའ་འཇོག་དངུལ་བུན་གཏོང་ལེན་གྱི་ལས་སྒོ་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། གྲོང་གསེབ་ཀྱི་ཐོན་ཁུངས་དང་། མ་རྩ། རྒྱུ་ནོར་བཅས་ཕན་སྒྱུར་ནུས་ལྡན་བྱེད་པ། ཞིང་ལས་ཐོན་སྐྱེད་དུས་ཡུན་རིང་འབྲིང་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་མ་དངུལ་འཇོག་ཚད་མང་དུ་གཏོང་བ། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་བརྟན་པོའི་ངང་བྱ་རྒྱུར་ཉམས་མྱོང་དང་མ་དཔེ་མཁོ་འདོན་བྱས་ཏེ་ཞིང་པ་འབབ་འཕར་ཕྱུག་འགྱུར་དང་ཞིང་ལས་ཀྱི་དེང་རབས་ཅན་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
         《བསམ་འཆར་》ནང་ཚོད་ལྟའི་ནང་དོན་གཙོ་བོ་ཁག་ལྔ་བཏོན་པ་སྟེ། གཅིག་ནི“དབང་ཆ་གཉིས”ཀྱི་གཏའ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་ནུས་པ་སྤྲོད་རྒྱུ་དེ་ཡིན་ཞིང་། ཞིང་པའི་ས་ཆའི་ཁེ་དབང་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱས་ནས“དབང་ཆ་གཉིས”ཀྱི་གཏའ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་ནུས་པ་དོན་འཁྱོལ་བྱས་ཏེ་ཞིང་པའི་ས་ཆ་ཕན་ཁེ་སྤྱོད་དབང་རྒྱུ་ནོར་གྱི་གཏོགས་ཁོངས་ཕན་སྒྱུར་བྱེད་དགོས་པ་དང་། གཉིས་ནི་གྲོང་གསེབ་ཀྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དངུལ་བུན་གཡར་བའི་སྐྱེད་ཚད་དང་། དུས་བཅད། དངུལ་གྲངས། ཁག་ཐེག ཉེན་ཁ་ཚོད་འཛིན་སོགས་ཀྱི་ཐད་གསར་གཏོད་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནི། གཏའ་འཇོག་དངོས་པོའི་ཐག་གཅོད་ལམ་སྲོལ་འཛུགས་དགོས་ཤིང་། དངུལ་རྩའི་སྒྲིག་གཞིས་ཞིང་དུད་ཀྱི་འགན་གཙང་དབང་ཆ་དང་གཞི་རྩའི་སྡོད་ཁང་དབང་ཆ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཁྲིམས་ལྟར་བྱ་ཐབས་སྣ་མང་སྤྱད་དེ་གཏའ་འཇོག་དངོས་པོ་ཐག་གཅོད་བྱས་ཐོག་གཏའ་འཇོག་དངོས་པོའི་ཐག་གཅོད་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནི་ཆ་ལག་ཚང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན་ཞིང་། ཚོད་ལྟའི་ས་ཁུལ་གྱིས་གྲོང་གསེབ་ས་ཆའི་འགན་གཙང་དབང་ཆ་དང་། ཁང་སའི་སྤྱོད་དབང་། ཞིང་པའི་སྡོད་ཁང་གི་བདག་དབང་དབང་ཆ་བཅས་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་གསེབ་ས་ཆའི་བདག་དབང་ཉོ་ཚོང་གི་སྟེགས་བུ་སྐྲུན་ཐོག་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་ཡིད་རྟོན་དངུལ་བུན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། ལྔ་ནི་རོགས་སྐྱོར་དང་མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞིང་། དངུལ་ལོར་སྲིད་ཇུས་དང་། ལྟ་སྐུལ་སྲིད་ཇུས། འགན་བཅོལ་འགན་སྲུང་སོགས་ཀྱི་ཐད་རོགས་སྐྱོར་དང་མཐུན་སྦྱོར་གཞོགས་འདེགས་ཤུགས་ཆེན་བྱེད་དགོས་པ་བཅས་རེད།
         སྒྲིག་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་ཆེད་《བསམ་འཆར་》ནང་ཚོད་ལྟའི་ས་ཁུལ་གྱིས་ཚོད་ལྟའི་ལས་དོན་ཚོགས་ཆུང་འཛུགས་པ་དང་། ཚོད་ལྟའི་ཆ་རྐྱེན་དོན་འཁྱོལ་ནན་པོ་བྱེད་པ། ཞིབ་ཕྲའི་ལག་བསྟར་བསམ་འཆར་བཟོ་བ། དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་དང་། འཁོར་སྒྱུར་གྱི་ཉོ་ཚོང་སྟེགས་བུ་སྐྲུན་པ། ཞིང་ལས་འགན་བཅོལ་འགན་སྲུང་། གཏའ་འཇོག་དངོས་པོ་ཐག་གཅོད། ཉེན་ཁ་ཆུང་གཏོང་དང་དེ་བཞིན་ཁ་གསབ་ལམ་སྲོལ་འཛུགས་པ་སོགས་ཆ་ལག་ཚང་བའི་ལས་ཀ་ཡག་པོ་བསྒྲུབས་ནས་ཚོད་ལྟའི་ལས་དོན་བདེ་བླག་དང་བརྟན་པོའི་ངང་སྒྲུབ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།