མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་
50འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བོད་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་
50འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་རང་སྐྱོང་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀོད་སྒྲིག་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྔར་བས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ཆེ་དགྲ་ལྷ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་བཅས་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད།
         ཁྲེན་ཆོན་གོས་གསུང་བཤད་གནང་སྐབས། ལོ་50གོང་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དངོས་སུ་དབུ་བརྙེས་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་འཕྲེད་བརྒལ་མངོན་འགྱུར་བྱུང་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་གཉའ་གནོན་ཡོངས་སུ་མཇུག་བསྒྲིལ་ནས། རང་ཁྱིམ་རང་བདག་གི་དུས་རབས་གསར་པར་སླེབས་ཡོད། ལོ་36གོང་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱུང་བ་དེ་ནི། རྒྱལ་ཡོངས་སུ་བཙུགས་པའི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་དང་པོ་དེ་ཡིན་པས། རང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཛུགས་སྐྱོང་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
         ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དུས་རབས་ཕྱེད་ཀ་སོང་ཡོད། ལོ་50རིང་དང་། ལྷག་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དབུ་བརྙེས་ནས་ལོ་36རིང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་ཡང་དག་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་། དེ་བཞིན་དེའི་རྒྱུན་ཨུད་ཀྱིས་ཏང་ཨུད་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁྲིམས་ལྟར་བསྒྲུབས་ཏེ་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་ཀ་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་གང་ལེགས་མངོན་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
         ཁྲེན་ཆོན་གོས། གཅིག་ནས་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་གཞོགས་འདེགས་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་རྩ་དོན་བཅས་བརྟན་པོ་ཡོང་རྒྱུར་འགན་ལེན་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་སེམས་དཀར་བྱེད་དགོས།
         གཉིས་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཞི་མཐུན་དང་བཅའ་ཁྲིམས་མ་ལག་ནང་ཁུལ་གཅིག་གྱུར་ཡོང་རྒྱུར་འགན་ལེན་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱིས་རྒྱ་ཁྱབ་ཏུ་ལོངས་སུ་སྤྱོད་པའི་རང་སྐྱོང་ཁེ་དབང་འདོན་སྤེལ་ལེགས་པར་བྱས་ཏེ་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་། དུས་ཐོག་གི་རང་བཞིན། བརྒྱུད་རིམ་གྱི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཁྲིམས་འཛུགས་བྱེད་རིམ་བཞིན་ཚང་མ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་དང་འཚམ་པ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་བྱེད་དགོས།
         གསུམ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་མ་བཏང་སྟེ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་བསྒྲུབས་པ་དང་། ཁྲིམས་ཀྱིས་མ་བསྐུར་བ་མི་སྒྲུབ་པར་སྤྱི་པའི་ཁེ་ཕན་དང་། མི་དམངས་ཀྱི་ཁེ་དབང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་དགོས། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཁྲིམས་འཛིན་དབང་གྲགས་བཙུགས་ནས་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མ་ནས་མི་དམངས་མང་ཚོགས་ཚོས་དྲང་བཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།
         བཞི་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ཨུད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་གནང་བའི་ལྟ་སྐུལ་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནུས་ལྡན་ངང་ལག་ལེན་བསྟར་རྒྱུར་འགན་ལེན་དང་སྲིད་འཛིན་གྱི་དབང་ཆ་དང་། འདྲི་གཅོད་ཀྱི་དབང་ཆ། ཞིབ་དཔྱོད་ཀྱི་དབང་ཆ་བཅས་ཡང་དག་ངང་སྤྱོད་རྒྱུའི་འགན་ལེན་བྱེད་དགོས། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་སྒྲིག་གི་ལྟ་སྐུལ་དང་། སྲིད་འཛིན་གྱི་ལྟ་ཞིབ། རྩིས་བཤེར་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། རྒྱལ་ཁབ་ལས་ཁུངས་ནང་ཁུལ་གྱི་སྒྲིག་ལམ་ལྟ་སྐུལ་བཅས་ལ་ཤུགས་སྣོན་དང་བསྐོ་གཞག་བྱས་པའི་མི་སྣའི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་། སྤྱི་ཞབས་ཀྱི་འདུ་ཤེས། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པའི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་དགོས།
         ལྔ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། འཐུས་མིའི་བཅའ་ཁྲིམས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཁེངས་སྐྱུང་ངང་ཉན་པ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་ནན་ཏན་ངང་བདག་སྤྲོད་བྱེད་པ། དོན་ཆེན་ཇུས་འགོད་བྱེད་སྐབས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དེའི་ནང་ཞུགས་རྒྱུར་གདན་འདྲེན་ཞུ་དགོས། ལོ་ལྟར་འཐུས་མི་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་ལྟ་ཞིབ་བྱས་ནས་འཐུས་མིའི་ཆབ་སྲིད་ཀྱི་བྱང་ཚད་དང་སྲིད་གླེང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
         དྲུག་ནས་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གྲུབ་ཆའི་མི་སྣས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་བ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། མི་དམངས་འཐུས་ཚོགས་རྒྱུན་ཨུད་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའིི་གྲུབ་ཆ་ལེགས་སུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་། ལས་དོན་ལམ་ལུགས། གྲོས་རིམ་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
         བདུན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ཀྱི་གནས་བབ་ལ་བརྩི་འཇོག་གང་ལེགས་བྱས་ནས། མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་པའི་འགན་ལེན་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་མངོན་པ་དང་དོན་འཁྱོལ་དེ་བས་ལེགས་པ་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་དུས་བཀག་ལྟར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྙན་ཞུ་ཉན་པའི་ལམ་ལུགས་མཐའ་འཁྱོངས་བྱས་ནས་དུས་ཐོག་ཏུ་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུའི་ཞིབ་འཇུག་བྱས་ནས་སྤྱི་ཚོགས་ཧྲིལ་པོར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚང་མས་སེམས་ཁུར་དང་ཚང་མས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ནུས་ལྡན་གྱི་བྱ་ཐབས་བཟོས་ཏེ་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།